སྟོང་ཆེན་གཡོ་བའི་རྨི་ལམ།


- - གངས་ཏི་སེར་ཕུལ་བ།

བྲན། རྨ་ལྷོ།

རྡུལ་ཕྲན་གཅིག་ལ་རང་གི་འཕྲུལ།།

རྣམ་པར་བཀོད་པའི་ལེགས་བྱས་ཀྱི།།

འཇིག་རྟེན་འཕྲུལ་གྱི་མེ་ལོང་མར།།

ལས་ཀྱི་འབྲས་བུ་འཆར་སོང་སྐད།།

སྲིད་པ་ཐ་མའི་འཆར་ལུགས་ལ།།

སྨོན་པའི་མཛའ་བ་ཡུངས་འབྲུ་ནི།།

རླུང་གིས་གཏོར་ལས་སྙིང་རྗེ་མཐའ།།

ཡུན་གྱིས་སྐལ་བའི་འདོད་སེམས་ཕྲ།།

ཆོས་དབྱིངས་རིག་པ་སར་བའི་མཁའ།།

དོན་དམ་འཇིག་རྟེན་དབང་བོ་ཡིས།།

ཡོངས་སུ་ཁྱབ་པའི་སྣང་གསལ་གཞི།།

ཀུན་ནས་སྒེག་པའི་ལང་ཚོ་བཤམས།།

རླུང་གི་འཁོར་ལོ་ལག་པའི་ཤུགས།།

འདེགས་པའི་ནུས་པ་གློས་ཀྱི་འཐུང་།།

འཛུམ་ལས་ཞིམ་པའི་མཛའ་ན་མོར།།

གསང་བའི་བདེ་ཆེན་མྱོང་སོང་སྐད།།

མི་འཚམས་དུས་ཀྱི་གཤེད་མའི་ཆར།།

ཉིན་མཚན་སྦྲེལ་བའི་བར་གསེང་ནས།།

ཡང་ཡང་བབས་པའི་དུས་ཀྱི་མཐར།།

འཛིན་པའི་གདོང་གི་མིག་ཟུང་བྲུས།།

དྲག་ཆར་བསྙིལ་བའི་རྣལ་འབྱོར་བ།།

མཁའ་ལས་བྱོ་བའི་ཆར་ཆེན་གྱིས།།

རྡུང་བར་སྐྲག་ལ་འཚེར་སྣང་གིས།།

བྲག་རི་སྐམ་པོའི་ཁོངས་སུ་བྲོས།།

གཟུར་གནས་མིག་ལ་སྤྲིན་ཞགས་ཀྱིས།།

འཁྱུད་ཅིང་སྙིང་ནད་ལྡང་བ་འདིས།།

དགེ་འདོད་སེམས་ཀྱི་ཆར་བའི་དཔུང་།།

ཁྲིད་དེ་གཡུལ་ལ་སླེབས་པར་དོགས།།

སྨིག་རྒྱུ་འཁར་བས་རང་གི་ལམ།།

འཚོལ་བའི་བྱེད་པོ་མིག་གཅིག་མ།།

དབེན་པར་ཆས་པའི་ལུང་མདོ་ན།།

བག་ཡོད་གྲོགས་ཀྱི་བསུ་མ་བདོག།

དག་བྱེད་ཆུ་རིས་འབུམ་གྱི་གཟུགས།།

སྣོད་དུ་ཤོང་བའི་དུས་རབས་འདིར།།

དབང་བོའི་མཚོན་གྱི་རྡོ་རྗེ་ཚོགས།།

སེམས་ལས་འབྱུང་བའི་ཆོ་འཕྲུལ་རྒོད།།

དབང་སྔོན་མགྲིན་པའི་རྐང་སྟེགས་སུ།།

བགྲོད་ལ་གསེར་གྱི་སྐས་འཛེགས་དང་།།

ནང་གི་བྱིན་རླབས་དམ་པའི་འཕྲུལ།།

ལེན་པའི་ཆོ་ག་རིང་ནས་བགྱིས།།

རང་སྲས་བགོ་བའི་སྐལ་བཟང་གི།།

ཐོང་གར་མེ་ཏོག་དཔྱངས་པ་ལས།།

བསོད་ནམས་ཉི་ཟླ་ཟུང་གི་མདངས།།

དབྱིངས་ནས་མཐོང་བའི་སྟངས་ཀ་རྒོད།།

དངོས་སྣང་ཞི་བའི་མེ་ཏོག་ཆར།།

བདུད་ཀྱི་ཆོ་འཕྲུལ་ཉིད་ལས་ཅི།།

མཁའ་ཀློང་འབྲུག་གི་ལག་བར་ནས།།

ནོར་བུ་ཤོར་བའི་གད་མོས་བཀང་།།

རི་ཚོགས་འདར་བའི་རྣམ་འགྱུར་ལ།།

ཀླུ་དབང་ཁྲོས་པའི་ཆད་པ་ཕོག།

དེ་ལས་ཡ་མཚན་སྔོན་གྱི་གཏམ།།

རྒྱུན་མར་སྤེལ་ལ་སེམས་པ་སྤྲོ།།

འཁྱོགས་པའི་མིག་གི་ང་རོ་ཡིས།།

ནོར་གྱི་བློ་གྲོས་མཛའ་བའི་བཞིན།།

ཡོངས་སུ་ཁུག་པ་མ་ཡིན་སྟབས།།

སོར་མོ་འདར་བའི་ཟློས་གར་རྩེན།།

ཇ་ཡུན་གཅིག་གི་ཐུན་མཚམས་ནས།།

གསང་བའི་སྟབས་ཀྱི་ཤོག་སྙུག་མར།།

བླུད་པའི་ཡོན་གྱི་ཕྱེད་ཀ་ཙམ།།

འདི་རུ་སྐྱུག་པའི་རྣམ་འགྱུར་རོ།།

༢༠༢༠.༤.༤