ཀྲུང་གོར་སྣེ་འཁྲིད། བཟང་བསྟོད་ངན་འབྱིན་བྱས་ཏེ་དུས་རབས་གསར་པའི་སྤྱོད་ལམ་བཅོས་སྒྱུར་ལ་རྣམ་པ་གསར་པ་བཏོད།

ཀྲུང་དབྱང་བརྙན་འཕྲིན་དྲ་བའི་འཕྲིན། སྤྱོད་ལམ་བཅོས་སྒྱུར་ནི་མི་སེམས་རྒྱབ་འགལ་དང་། ཏང་གི་ཆགས་འཇིགས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒུད་བཅས་ལ་འབྲེལ་བ་ཡོད། འདས་པའི་དུས་ཤིག་ལ། རྣམ་པ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུས་ཟོས་ཀྱི་སྲོལ་ངན་ལ་སོགས་ཆེ་ཆེར་དར་བས། ཏང་གི་སྣང་བརྙན་ལ་ལྷད་སྐྱོན་ཞུགས་ཤིང་། ཏང་དང་མི་དམངས་བར་ལ་འགལ་བ་བཟོས་ནས་ཏང་གི་སྲིད་སྐྱོང་རྨང་རྡོར་གཡོ་སྐྱོམས་ཐེབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གིས་གོང་འོག་ཀུན་གྱི་སྣེ་འཁྲིད་དེ། “སྤྱོད་ཚུལ་བཞི”ཡོ་བསྲང་ལྷོད་མེད་བྱས་ཏེ། ཏང་སྲོལ་སྲིད་ལུགས་དང་། སྤྱི་ཚོགས་དང་མི་དམངས་ཀྱི་སྲོལ་བཟང་དར་སྤེལ་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་སྤྱོད་ལམ་དར་སྤེལ་ལ་རྣམ་པ་གསར་པ་བཏོད།


པེ་ཅིང་གི་པེ་ཧའེ་སྤྱི་གླིང་ནི་གྲོང་ཁྱེར་གྱི་ལྟེ་བར་ཆགས་ཡོད་ཅིང་། ཡུལ་སྐོར་གནས་མཆོག་དང་ཡུལ་དེའི་མང་ཚོགས་སྤྲོ་འཆམ་བྱེད་སའི་གནས་ཁྱད་པར་བ་ཞིག་ཡིན།

གོང་མ་ཚང་གི་སྐྱེལ་མོས་ཚལ་འདིར་ཁྱད་དུ་འཕགས་པའི་སྦྲགས་སྲིད་ཁང་ཞིག་ཡོད་པ་དེས་ད་ལྟ་ཡུལ་སྐོར་པ་བྱེ་པ་ཡན་སྣེ་ལེན་བྱས་ཡོད་ལ། དེ་གར་སྦྲགས་བསྐུར་དུ་དྲན་གསོའི་ཐེམ་ག་བརྒྱབ་པའི་འཕྲིན་ཡིག་དང་འཕྲིན་ཤོག་ཉོས་ནས་ནང་མི་གྲོགས་པོ་རྣམས་ལ་སྨོན་ཚིག་བསྐུར་ཆོག་པ་མ་ཟད། རང་རྒྱལ་གྱི་སྦྲགས་སྲིད་བྱ་གཞག་འཕེལ་འགྱུར་ལོ་རྒྱུས་ལ་ཡང་རྒྱུས་ལོན་བྱས་ཆོག

མཚོ་དང་མཚེའུ། སྐྱེད་ཚལ་དང་མཛེས་ལྗོངས་ཐམས་ཅད་དམངས་ལག་ཏུ་སྤྲད་པས། གྲོང་ཁྱེར་གྱི་གནས་མཆོག་དེ་དག་གི་བར་གསེང་ན་བཞེངས་པའི་འདུ་གནས་རྩེ་དྲ་རྣམས་མང་ཚོགས་ཀྱི་འདུ་རར་བསྒྱུར། འགྱུར་བ་དེ་དག་ནི2012ལོའི་ཟླ12ཚེས4ཉིན་བཏོན་པའི་བྱ་བའི་སྤྱོད་ལམ་བཅོས་སྒྱུར་བྱས་ནས་མང་ཚོགས་བར་གྱི་འབྲེལ་བ་དམ་པོར་འཛིན་དགོས་པའི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ནས་བྱུང་བ་ཡིན། དུས་དེ་ནས་བཟུང་དུས་རབས་གསར་པའི་སྤྱོད་ལམ་བཟང་པོ་དར་སྤེལ་གྱི་སྒོ་འཕར་ཕྱེས།

གཏན་འབེབས་བརྒྱད་ཐོག་མར་འདོན་པའི་དུས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་འཁྲིད་དེ་ཐོག་མར་ཁས་བླངས་ཤིང་འབོད་སྐུལ་བཏང་། ཀྲུང་དབྱང་ཆབ་སྲིད་ཇུས་ཐུན་མོང་གི་སྣེ་འཁྲིད་དེ་གོང་འོག་གཉིས་ནས་སྤྱོད་ལམ་བཅོས་སྒྱུར་བྱེད་འགོ་བརྩམས་པ་དང་། ཏང་སྲོལ་སྲིད་ཚགས་དར་སྤེལ་དགོས་ན་འགོ་ཁྲིད་ལས་བྱེད་ནས་འགོ་བརྩམ་དགོས་ལ། འགོ་ཁྲིད་ལས་བྱེད་ལས་ཐོག་མར་ཏང་ཀྲུང་དབྱང་གི་འགོ་ཁྲིད་ནས་འགོ་བརྩམ་དགོས། ”དེ་ཡང་ཐོག་མར“རྡོ་ལ་རྐང་རྗེས་དང་ལྕགས་བཟུང་གི་ཤུལ་ལྟ་བུའི་ངར་ཤུགས”བསྐྱེད་དེ་སྤྱོད་ལམ་བཅོས་སྒྱུར་བྱས་པ་ནས་བཟུང་། ཏང་ཡོངས་ཀྱི“སྤྱོད་ཚུལ་བཞི”ཡི་གནད་དོན་དེས་མཐའ་མཇུག་ཏང་གི་སྔོན་ཐོན་རང་བཞིན་དང་རྣམ་དག་རང་བཞིན་ལ་གནོད་པ་ཚབས་ཆེན་བཟོ་སྲིད་པ་དང་། ཏང་གི་སྲིད་སྐྱོང་གི་རྨང་རྡོ་དང་གོ་གནས་ལ་གནོད་པ་ཚབས་ཆེན་བཟོ་སྲིད་ཅེས་དྲན་སྐུལ་གནང་བའི་བར་དང་། “སྤྱོད་ལམ་བཅོས་སྒྱུར་ནམ་ཡང་ལམ་ན་ཡོད་ལ། ནམ་ཡང་མཚམས་འཇོག་མི་སྲིད་པས། ཁས་ལེན་ཙམ་དང་། ཕྱི་ཚུལ་ཙམ་དང་། རྣམ་པ་ཙམ ”དུ་ལྟ་མི་རུང་ཞེས་ནན་གྱིས་བསྟན་པའི་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་གི་འགག་སྒོ་གཏོར་པའི་ཐོག་མར“སྤྱོད་ཚུལ་བཞི”ལ་རྒོལ་བ་དང་། ཏང་ཡོངས་ཀྱི་སྣེ་ཁྲིད་དེ་མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཧ་ཅང་ཆེ་ཞིང་གནད་དོན་གཟེངས་སུ་ཐོན་པ་དག་ལ་བྱེད་ཐབས་དྲག་པོ་བཏོན་ནས་ཐག་གཅོད་ནན་མོ་བྱས་པ་མ་ཟད། དུས་ཚིགས་རེ་རེ་བཞིན་བརྟན་སྲུང་དང་དུས་རིམ་རེ་རེ་ནས་སྐུལ་འདེད་བཏང་། ལོ་སར་གྱི་ཤིས་འཕྲིན་བྱང་བུ་དང་། ཤོག་འཕྲིན་ལ་སོགས་བྱ་བ་ཕྲན་ཙམ་ནས་བཟུང་སྟེ། དམིགས་ཚད་ལས་བརྒལ་བའི་གཞུང་སྒྲུབ་ཁང་གཙང་སེལ་དང་། “ འདུ་གནས་ཀྱི་སྲོལ་ངན”དང་ “འཁོར་ལོའི་སྟེང་གི་རུལ་སུངས”བཅས་ལ་བཀག་འགོག་བྱས་པ་དང་། སྐྱིད་འདོད་རིང་ལུགས་དང་། བག་མེད་ཆུད་ཟོས་ཀྱི་སྲོལ་ངན་ཐད་དུས་ཆེན་ལ་སླེབས་དུས་ངེས་པར་དུ་བཀའ་བསྒྲགས་ནས་ཞིབ་བཤེར་བྱེད་པ་དང་། གཏན་འབེབས་དང་འགལ་ཚེ་རུས་མིང་དང་བཅས་པའི་སྒོ་ནས་ཐེར་འདོན་བྱེད་པ་རྒྱུན་ལྡན་དུ་གྱུར། “ཝན་ཧྲན་འདུ་གནས”སོགས་གནད་སར་ལག་བསྲིངས་ཏེ། ཡིག་ཆ་དང་གྲོས་ཚོགས་བསྡུས་སྒྲུབ་དང་། ལྟ་སྐུལ་ཞིབ་བཤེར་གྱི་དཔྱད་ཞིབ་ཚད་ལྡན་དུ་བཟོས་ཏེ། མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་སྤྱོད་ཚུལ་ངན་པ་སྟེ་རྣམ་པ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཐེར་འདོན་བཅོས་སྐྱོང་བྱས་པ་དང་། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏང་བའི་རྒྱུན་ལྡན་ལམ་ལུགས་བཙུགས་ནས་སྐུལ་འདེད་བཏང་བས། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་བྱ་སྤྱོད་ཕྲན་བུ་རེ་དང་དོན་ཕྲན་ཚགས་རེ་ནས་འགྱུར་ལྡོག་དངོས་བྱུང་བ་རང་བཞིན་གྱིས་ཚོར།

ཀྲུང་དབྱང་གི་གཏན་འབེབས་བརྒྱད་བཏོན་པ་ནས་ད་ལོའི་ཟླ7པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཧ་ལམ་ཁྲི75ཐག་གཅོད་དང་། ཏང་གི་སྒྲིག་སྲོལ་དང་སྲིད་དོན་ཕྱོགས་ནས་ཧ་ལམ་མི་ཁྲི67ལ་ཆད་པ་བཅད་ཡོད་པ་རེད། ལོ་ངོ་བཅུའི་རིང་ལ་སྤྱོད་ལམ་བཅོས་སྒྱུར་ནས་མགོ་བརྩམས་ཏེ་སྤྱོད་བཟང་སྒྲིག་སྲུང་དང་རུལ་རྒོལ་ཐད་ལ“འགྱུར་ལྡོག་ཆེན་པོ”བྱུང་། ལྷག་པར་དུ་ཏང་སྲོལ་སྲིད་ལུགས་ལ་མུ་མཐུད་ནས་གཙང་སེལ་བྱས་ཏེ་རུལ་སུངས་ཀྱི་བར་སྟོང་ཇེ་དོག་ནས་ཉག་ཕྲ་བར་གྱུར་བས། གཏན་འཇགས་ཡིན་ལ་སྐྱོན་དང་བྲལ་བའི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་ཁབ་བདེ་འཇགས་དང་མི་དམངས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཁོར་ཡུག སྤྱོད་བཟང་སྲོལ་བཟང་གི་ཆབ་སྲིད་ཁོར་ཡུག་ཅིག་མུ་མཐུད་ནས་བསྐྲུན་དང་སྐྲུན་བཞིན་ཡོད་དོ། །

ལོ་ཙཱ་བ། ཁོན་ཐར་འཚོས་བསྒྱུར།