གལ་ཏེ་མི་འདོད་པ་འདི་འདྲར་ཐུག་ན་ཇི་ལྟར་བྱེད་དགོས།

མཚོ་སྔོན་ཟི་ལིང་། • འབྲུག་མཚོ།

རྐང་ཚིགས་དཀྱོགས་ན་ཇི་ལྟར་བྱེད་དགོས།

གལ་ཏེ་རྐང་ཚིགས་དཀྱོགས་ན་འཕྲལ་དུ་འགྲོ་མཚམས་བཞག་སྟེ་མ་བསྐྲངས་གོང་ལ་ཆབ་རོམ་གླན་པ་དང་ཆུ་འཁྱགས་ནང་དུ་བསྒྲེས་པའི་ལག་ཕྱིས་གླན་ན་ན་ཟུག་ཇེ་ཆུང་དུ་འགྲོ་བ་དང་ཤ་སྐྱིའི་འོག་ཏུ་ཁྲག་ཀྱང་མི་གསོག དེ་ནས་དུས་ཚོད་ཉེར་བཞི་འགོར་རྗེས་སྐྲང་འབུར་སྟེང་དུ་ཚ་སྲོས་རྒྱག་དགོས།ཡང་ན་རྐང་ཚིགས་དཀྱོགས་པའི་རྐང་བ་ཡར་བཀྱགས་ན་སྐྲང་འབུར་དང་ན་ཟུག་ཇེ་ཆུང་དུ་འགྲོ་ཐུབ།

རུས་པ་ཆག་སོང་ན་ཇི་ལྟར་བྱེད་དགོས།

གལ་ཏེ་སྟབས་མ་ལེགས་པར་རུས་པ་ཆག་ན་གང་འདོད་ལྟར་ཡར་དཀྱོགས་མར་དཀྱོགས་བྱེད་མི་རུང་བ་དང་། གང་འདོད་ལྟར་ཆག་མཚམས་མཐུད་མི་རུང་བར་མ་ཟད། ཚིགས་དཀྱོགས་པ་རེད་སྙམ་སྟེ་ཚིགས་སྤྲོད་མི་རུང་། རྒྱུ་མཚན་ནི་དེ་ལྟར་བྱས་ན་རུས་པའི་ཆག་སྣེས་དབང་རྩ་དང་ཁྲག་རྩ་གཅོད་སྲིད།གལ་ཏེ་སྒྲོག་རུས་ཆག་པ་ཡིན་ན་སེང་རས་ཀྱིས་ལག་ངར་དཀྲིས་ཏེ་སྐེར་བཏགས་ནས་འགུལ་སྐྱོད་བྱེད་མི་རུང་བ་དང་། རྐང་ལག་གང་རུང་གི་རུས་པ་ཆག་ན་འཕྲལ་དུ་འགྱིག་ལེབ་དང་སྡོང་ཤུན་མཐུག་པོ།ཡང་ན་དངོས་པོ་བཀན་མོ་བཙལ་ཏེ་ཆག་མཚམས་བརྟན་པོ་བྱས་རྗེས་མྱུར་དུ་སྨན་ཁང་ལ་བསྐྱལ་དགོས།

རྣ་ཁུང་དུ་དངོས་པོ་སོང་ན་ཇི་ལྟར་བྱེད་དགོས།

གལ་ཏེ་སློབ་གྲོགས་ལ་ལས་སྒྲོག་གུ་དང་སིལ་རྡོ།ཤོག་ཧྲུལ་སོགས་རྩེད་མཚར་བྱས་ཏེ་རྣ་ཁུང་དུ་བརྫངས་པ་དང་།ཡང་ན་འབའ་འབུ་སོགས་རྣ་ཁུང་དུ་འཛུལ་ན་འཚུབ་ཆ་ལངས་ཏེ་རྣ་ཁུང་སློག་ཅི་ཐུབ་བྱས་ན་རྣ་ཁུང་ཕྱི་ལམ་དང་རྣ་བའི་བར་སྐྱི་ལ་རྨས་སྐྱོན་བཟོ་སྲིད། དེའི་བཅོས་ཐབས་ནི་ཕྱི་འཇམ་ཟླུམ་རིལ་ཅན་གྱི་དངོས་པོ་རྣ་ཁུང་དུ་སོང་ན་ཤིང་ཐུར་ཕྲ་མོ་ཞིག་གི་སྣེ་མོར་སྤྱིན་ཆུ་བསྐུས་ཏེ་རྣ་ཁུང་ནང་གི་དངོས་པོར་སྦྱར་ཏེ་ཕྱིར་ལེན་དགོས། གལ་ཏེ་རྣ་ཁུང་དུ་འབུ་འཛུལ་ན་རྣ་ཁུང་ཕྱི་སྒོར་སྣུམ་ཅུང་ཟད་བསྐུ་བའམ། ཡང་ན་མུན་ནག་ནང་དུ་རྣ་ཁུང་ཁ་རུ་གློག་སྒྲོན་བཀར་ན་འབུ་རང་འགུལ་དུ་སྒོར་འབུད་ངེས་ཡིན། དེ་མིན་སྨན་ཁང་དུ་སོང་སྟེ་སྨན་པར་སྟོན་དགོས།

འཚིག་རྨས་བྱུང་ན་ཇི་ལྟར་བྱེད་དགོས།

འཕྲལ་དུ་སྲེག་བྱེད་ཀྱི་དངོས་པོ་དང་རྒྱང་བཀྱེད་དེ་རྨ་ཁ་ཆུ་འཁྱགས་གཙང་མས་བཀྲུ་དགོས།འཚིག་རྨས་བྱུང་བ་ཚབས་ཆེན་མིན་ན་ཤ་སྐྱི་ཅུང་ཟད་དམར་བོར་གྱུར་ཏེ་ཚ་ལམ་་ལམ་གྱི་ཚོར་སྣང་འབྱུང་སྲིད། སྐབས་དེར་རྨ་ཁའི་སྟེང་དུ་བན་ཧྭ་ཡུག་སྣུམ་སྨན་བསྐུས་ཀྱང་ཆོག ཁ་ནང་བསྲེགས་པ་ཡིན་ན་བྱེ་མ་ཀ་ར་རྨ་ཁའི་སྟེང་དུ་བཞག་ན་ན་ཟུག་དང་སྐྲང་བ་ཞི་ཐུབ། འཚིག་རྨས་བྱུང་བ་ཚབས་ཆེན་ཡིན་ན་ལག་ཕྱིས་གཙང་འཇམ་ཞིག་རློན་པ་བྱས་ཏེ་རྨ་ཁ་གཅུད་རྗེས་མྱུར་དུ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་དགོས།

སྦྲང་མདུང་གིས་བསྣུན་ན་ཇི་ལྟར་བྱེད་དགོས།

གལ་ཏེ་སྦྲང་མ་ཉི་ཤུ་ཡན་གྱིས་སྦྲང་མདུང་གིས་བསྣུན་ན་དུག་ཕོག་པའི་ཚོར་སྣང་འབྱུང་ལ། སྦྲང་མ་བརྒྱས་སྦྲང་མདུང་གིས་བསྣུན་ན་སྲོག་ལ་ཉེན་ཁ་ཡོད། དེ་བས་སྦྲང་མདུང་གིས་བསྣུན་རྗེས་སྦྲང་མདུང་ཕོག་ས་གཙང་མ་ཞིག་བཀྲུས་ཏེ་འཇབ་ཙེས་ཤ་ནང་དུ་ཟུག་ཡོད་པའི་སྦྲང་མདུང་འབལ་དགོས་པར་མ་ཟད། རྨ་ཤུལ་དུ་ཆང་ཏན་ཅུག་བསྐུས་ཤིང་ཆང་བཅུད་འབྱུག་དགོས། གལ་ཏེ་ནད་རྟགས་འདྲ་བྱུང་ན་མྱུར་དུ་སྨན་ཁང་ལ་བསྐྱལ་ཏེ་སྨན་བཅོས་བྱེད་དགོས།