ན་གཞོན་སློབ་མར་གཉིད་ཀྱིས་མི་འདང་བའི་རྒྱུ་མཚན་ཅི།

མཚོ་སྔོན་ཟི་ལིང་། • མཚོ་མོ།

དེང་སྐབས་སྤྱི་ཚོགས་ཀྱིས་སློབ་མའི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་ཞེས་འབོད་སྐུལ་བཏོང་བཞིན་ཡོད་ནའང་། ཕ་མ་རྣམས་ཀྱི་རེ་བ་ཆེ་དྲགས་པ་དང་སློབ་གྲྭར་རྒྱུགས་འཕྲོད་ཚད་ཇེ་མཐོར་སོང་བའི་དབང་གིས་སློབ་མའི་སློབ་སྦྱོང་གི་ཁུར་སློབ་མ་ཞིག་བོ་དེ་མུ་མཐུད་དུ་ཇེ་ལྗིད་དུ་འགྲོ་བཞིན་ཡོད།སློབ་མ་ཞིག་གིས་ཉིན་རྒྱུན་དུས་ཚོད་ཁ་ཤས་ལ་ལས་བྱ་འབྲི་དགོས་པ་དེས་གཉིད་ཡུན་བཀག་ཡོད། 80% ཡི་སློབ་མར་གཉིད་མི་ཁུག་པ་ནི་སློབ་མའི་སེམས་ཁམས་ལ་རག་ལས་ཏེ། སློབ་སྦྱོང་བྱེད་སྐབས་འཚབ་སྣང་སྐྱེ་བ་དང་ཡིད་མུག་པ། སེམས་ཁྲལ་བྱེད་པ་སོགས་ནི་གཉིད་ཀྱིས་མ་འདང་བའི་མངོན་རྟགས་གཙོ་བོ་ཡིན།

གཉིད་དགོས་པ་ནི་མིའི་ལུས་ཁམས་ཀྱི་ཆེས་རྩ་བའི་བྱེད་ནུས་ཤིག་ཡིན་ལ།གཉིད་ཀྱིས་ལུས་ཕུང་དང་ཀླད་ཤུགས་སོགས་འཚར་ལོངས་འབྱུང་བར་ནུས་པ་གལ་ཆེན་འདོན་བཞིན་ཡོད།གལ་ཏེ་གཉིད་ཀྱིས་མ་འདང་ན་བློ་སེམས་རྩེ་གཅིག་བྱ་མི་ཐུབ་པ་དང་། ཡིད་བྱེད་ཀྱི་ནུས་པ་སོགས་ཉམས་ཞན་དུ་གྱུར་ཏེ་སློབ་སྦྱོང་གི་ལས་ཆོད་ཆུང་བ་ལས་གཞན་སློབ་མའི་རིག་པ་ལའང་གནོད་པ་ཐེབས་བཞིན་ཡོད།ཡུན་རིང་བོར་གཉིད་ཀྱིས་མ་འདང་ན་གསང་རྒྱུད་ཟགས་གཤེར་འཆལ་བ་དང་། དབང་རྩ་འཁྲིགས་པ། སེམས་ཁམས་རྒྱུན་ལྡན་མིན་པར་འགྱུར་སྲིད། དཔེར་ན། སེམས་འཚབ་པ་དང་འཇུ་བྱེད་མ་ལག་འཁྲིགས་པ། ཁྲག་ཤེད་ཚད་གཅིག་ནས་མི་འདུག་པ།སེམས་ཁམས་མི་བདེ་བ། ཡིད་མུག་པ། སེམས་བྱིང་བ་སོགས་ཀྱི་རྟགས་འབྱུང་བས། སློབ་མའི་ལུས་སེམས་གཉིས་ཀའི་བདེ་ཐང་ཐད་ལ་གནོད་པ་ཚབས་ཆེན་བཟོ་བ་རེད།

ལུས་ཁམས་རིག་པས་ཞིབ་འཇུག་བྱས་པ་ལྟར་ན། བྱིས་པ་འཚར་ལོངས་འབྱུང་བ་ནི་གཙོ་བོ་གཉིད་ཀྱི་སྒང་ལ་འབྱུང་བ་ཞིག་ཡིན། དགོང་མོ་དུས་ཚོད10ནས་ནམ་སྨད་ཀྱི་དུས་ཚོད་གཅིག་གི་བར་ནི་གཟུགས་གཞི་ཇེ་ཆེར་ཡོང་བའི་སྐུལ་རྒྱུ་ཟགས་ཐོན་བྱེད་པའི་དུས་ཡིན་པས། གལ་ཏེ་གཉིད་བཟང་བོ་ཞིག་མ་ཁུགས་ན་ཕྲ་ཕུང་རྙིང་དོར་གསར་ལེན་བྱེད་པར་གནོད་པ་ཐེབས་སྲིད།

ལུས་སེམས་ཡར་སྐྱེད་འབྱུང་བའི་ཆུང་འབྲིང་སློབ་མར་མཚོན་ན།གཉིད་ཀྱིས་མི་འདང་བ་དེ་རང་ཉིད་འཚར་ལོངས་འབྱུང་བའི་བགེགས་སུ་འགྱུར་བཞིན་ཡོད། ཕྱི་རྒྱལ་གྱི་ཞིབ་འཇུག་སྡེ་ཁག་ཅིག་གིས་ལོ་གང་མང་ལ་ཞིབ་བཤེར་བྱས་པ་ལྟར་ན། བྱིས་པའི་གཉིད་ཁུག་ཚད་བྱིས་པའི་རིག་སྟོབས་རྒྱས་མིན་དང་འབྲེལ་བ་དམ་པོ་ཡོད་དེ། དགོང་མོའི་གཉིད་ཚད་དུས་ཚོད8 ཀྱི་མན་ཡིན་པའི61% གི་བྱིས་པ་དག་སློབ་སྦྱོང་གི་རྗེས་མི་ཆོད་པ་དང་། 30% ཡི་བྱིས་པ་དག་གི་སྦྱངས་འབྲས་སྤྱིར་བཏང་བ་ཡིན། གཉིད་ཁུག་ཚད་དུས་ཚོད10ཡས་མས་ཡིན་པའི13%གྱི་བྱིས་པའི་སྦྱངས་འབྲས་རྗེས་ལུས་ཡིན་པ་དང་། 76% གི་བྱིས་པའི་སྦྱངས་འབྲས་འབྲིང་ཙམ་ཡིན།11%གི་བྱིས་པའི་སྦྱངས་འབྲས་རྩེར་སོན་ཡིན་པ་རེད།