ན་ཆུང་བདེ་ཐང་ཤེས་བྱ།

སློབ་སྦྱོང་སྐབས་ཀྱི་ངལ་དུབ་སེལ་ཐབས།

དང་པོ། མཆུ་ཏོ་ནང་དུ་བསུམས་ནས་མ་མཆུ་ཕྱིར་བསྣར་གང་ཐུབ་བྱས་ན་མཆིལ་མ་ཟགས་ཐོན་བྱེད་ཐུབ་པས་ལུས་སྟོབས་དང་སེམས་ཤུགས་བསྐྱར་གསོ་བྱེད་པར་རོགས་བྱེད་ཐུབ།

གཉིས་པ། སེམས་པ་གཅིག་ཏུ་བསྡུས་ནས་རྒྱུན་མི་ཆད་པར་སྣ་འགུལ་ན་དབུགས་འབྱིན་རྔུབ་བྱེད་པའི་འགུལ་སྐྱོད་ལ་ཤུགས་སྣོན་བྱེད་ཐུབ།

གསུམ་པ།སྐེ་བསྟུད་མར་སྲིང་སྐུམ་གང་ཐུབ་བྱེད་དགོས།སྐེ་སྲིང་སྐབས་མ་ནེ་སྐུམ་པ་དང་ཕྲག་པ་གཉིས་གང་ཐུབ་ཀྱིས་མར་དབྱང་དགོས།དེའི་འཕྲོར་སླར་ཡང་སྔར་གནས་སུ་ཡོང་བ་བྱས་ཤིང་། དེ་ལྟར་ཐེངས་སུམ་ཅུ་ཙམ་བྱས་རྗེས་སྐེ་མར་སྐུམ་པ་དང་། དེའི་བྱེད་ཕྱོགས་ནི་སྐེ་སྲིང་སྐབས་ཀྱི་ལྡོག་ཕྱོགས་ཏེ། དེ་ཡང་ཐེངས་སུམ་ཅུ་ཙམ་ལ་བྱེད་དགོས་པ་ཡིན།

བཞི་བ།ལག་པ་གཉིས་ཀྱིས་མུ་མཐུད་དུ་སྤར་མོ་བཅིངས་ལྷོད་བྱས་ན་ལག་པའི་སྟེང་གི་ཁྲག་རྒྱུ་བར་ཕན་པ་ཡོད།

ལྔ་བ། རྐང་སྣེ་ནང་ལ་བསྐོར་ནས་མགྱོགས་པོར་སོང་ན་རྐང་བའི་ཤ་གནད་ཀྱི་ངལ་དུབ་སེལ་ཐུབ།

རྨི་ལམ་འཁྲུག་པ་ནི་ཅི་ཡིན།

མི་ལ་ལ་གཉིད་སྐབས་གློ་བུར་དུ་ལུས་སྟེང་ལ་དངོས་པོ་ལྕི་མོ་ཞིག་གིས་མནན་ནས་དབུགས་ཀྱང་འབྱིན་མི་ཐུབ་པའི་ཚོར་སྣང་སྐྱེ་སྲིད། སྐབས་དེར་སྐྲག་མ་དངངས་ཀྱིས་སྐད་བརྒྱབ་ན་འདོད་ཀྱང་སྐད་རྒྱག་མི་ཐུབ་པར་མ་ཟད། འགུལ་ཡང་མི་ཐུབ་པས། ང་ཚོས་དེར“རྨི་ལམ་འཁྲུག་པ”ཟེར།

རྨི་ལམ་འཁྲུག་པ་ཡང་རྨི་ལམ་དང་འདྲ་བར་ལུས་ཁམས་ཀྱི་སྣང་ཚུལ་ཞིག་རེད། རྨི་ལམ་འཁྲུགས་ནས་སད་མ་སད་པའི་མོད་ལ་ཀླད་པའི་དབང་རྩའི་ལྟེ་གནས་ཁ་ཤས་སད་ཡོད་ནའང་གནད་ལ་བཀོད་འདོམས་བྱེད་པའི་དབང་རྩའི་ལྟེ་གནས་དེ་ད་རུང་སད་མེད་པ་དང་། དུས་ཚོད་འདིའི་བར་རྒྱུག་གི་ནང་དུ་ལུས་སེམས་གཉིས་ཀར་ཧ་ཅང་མི་བདེ་བའི་སྣང་བ་བྱུང་སྟེ་འགུལ་ཡང་མི་ཐུབ་པར་འགྱུར་སྲིད། གལ་ཏེ་སྐབས་འདིར་མི་གཞན་ཞིག་གིས་འབོད་པའམ་ཡང་ན་བསྒུལ་ནས་སད་ན་རྨི་ལམ་འཁྲུག་མཚམས་འཇོག་པ་དང་གཞན་གྱིས་རོགས་རམ་མ་བྱས་ནའང་དུས་ཚོད་ཐུང་ངུ་ཞིག་འགོར་རྗེས་རྨི་ལམ་འཁྲུག་མཚམས་དེ་རང་འགུལ་གྱིས་འཇོག་སྲིད།

གན་རྐྱལ་དུ་ཉལ་བ། ལག་པ་བྲང་ཁར་བཞག་ནས་ཉལ་བ། ཉལ་ཐུལ་ལྕི་མོའང་དངོས་པོ་གཞན་གྱིས་མནན་པ། ཉིན་མོར་རིག་པ་བསྒྲིམ་དྲགས་པ། དགུང་ཟས་ཟོས་ནས་ལྟོ་བ་ཧ་ཅང་འགྲངས་པ་སོགས་ནི་རྨི་ལམ་འཁྲུག་པའི་འབྱུང་རྐྱེན་ཡིན། དེར་བརྟེན་ཟུར་ཉལ་བྱས་ན་རྨི་ལམ་འཁྲུག་མི་སྲིད་དོ། །