འབྲི་ཆུར་སྲུང་སྐྱོབ་དང་ཉམས་གསོ་ཆེན་པོ་བྱ་རྒྱུ་རེད་འདུག

ཉེ་དུས། འབྱུང་ཁམས་ཁོར་ཡུག་པུའུ་དང་། རྒྱལ་ཁབ་གོང་འཕེལ་བསྒྱུར་བཅོས་ཡོན་ལྷན་ཁང་སོགས་ཚན་པ་༡༧གྱིས་མཉམ་འབྲེལ་ཐོག༼འབྲི་ཆུ་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་བྱ་སྤྱོད་འཆར་གཞི༽ཞེས་པ་པར་འགྲེམས་བྱས་པ་དང་། འབྱུང་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་དང་འབབ་རྒྱུད་མ་ལག་ནས་འགོ་ཚུགས་ཏེ་འབྱུང་ཁམས་སྔོན་འཇོག་དང་སྦགས་མེད་གོང་འཕེལ་རྒྱུན་འཁྱོངས་དང་། ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། འགོ་ཁུངས་བཅོས་སྐྱོང་རྒྱུན་འཁྱོངས། གནད་ལ་འཕིགས་ཤིང་ཡང་དག་པ་དང་ཁྲིམས་ལྟར་སྦགས་བཙོག་བཅོས་སྒྲིག་རྒྱུན་འཁྱོངས་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཐོག་ནས་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་དང་། སྲུང་སྐྱོབ་ཆེན་པོ་བྱེད་པའི་ལས་དོན་ལ་མཉམ་དུ་དམ་འཛིན་བྱེད་པའི་ལས་དོན་རྨང་གཞི་སྔར་བས་བརྟན་དུ་བཏང་ཐོག་མི་དང་རང་བྱུང་ཁམས་གཉིས་ཞི་མཐུན་མཉམ་གནས་ཐུབ་པའི་སྦགས་མེད་གོང་འཕེལ་གྱི་དཔེ་སྟོན་ཁུལ་འབད་པ་ཆེན་པོས་གཏོད་དགོས་ཞེས་བསྟན་ཡོད།

༼བྱ་སྤྱོད་འཆར་གཞིའི༽ནང་། སྤྱི་ལོ་༢༠༢༥ལོའི་ལོ་མཇུག་ལ་སླེབས་དུས། འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་བོའི་སྤུས་ཚད་ཡག་པོ་རྒྱུན་འཁྱོངས་ཐུབ་པ་དང་། ཡན་ལག་ཆུ་བོའི་སྤུད་ཚད་ཀྱང་རིམ་པ་གཉིས་པར་སླེབས་པ་བྱེད་དགོས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་རྫོང་ཁོངས་ཀྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་གཙང་སེལ་བྱེད་ཚད་བརྒྱ་ཆ་༩༧ཡན་ཟིན་པ་བྱེད་པ། རྫོང་རིམ་པའི་གྲོང་ཁྱེར་དུ་བཙོག་དྲི་ཅན་གྱི་ཆུ་བོའི་རིགས་སྤྱིའི་ཆ་ནས་མེད་པ་བཟོ་བ། རྫས་ལུད་དང་ཞིང་སྨན་བེད་སྤྱོད་བྱེད་ཚད་བརྒྱ་ཆ་༤༣ཡན་ཟིན་པ་བྱེད་པ། སྒོ་ཕྱུགས་དང་ཁྱིམ་བྱའིི་རིགས་ཀྱི་བཙོག་གཅིན་ཕྱོགས་བསྡུས་བེད་སྤྱོད་ཐུབ་ཚད་བརྒྱ་ཆ་༨༠ཡན་ཟིན་པ་བྱེད་པ། ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་ཚད་བརྒྱ་ཆ་༨༥ཡན་ཟིན་པ་བྱེད་པ་བཅས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།