ཟི་ལིང་དང་ས་ཁུལ་གཞན་དག་བར་གྱི་མི་སྣའི་འགྲོ་འོང་ཐད་བཏང་བའི་བརྡ་ཁྱབ།

— ཟི་ལིང་གྲོང་ཁྱེར་པྲོག་གསར་རིམས་ནད་འགོག་ཟོན་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང241པ)

རང་རེའི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ནང་གི་རིམས་ནད་གནས་ཚུལ་སྔར་བཞིན་ཛ་དྲག་ཡིན་ཞིང་། ཞིང་ཆེན20ལྷག་ལ་པྲོག་གསར་རིམས་ནད་བྱུང་བའི་ནད་དཔེ་འདུག རང་རེའི་ཞིང་ཆེན་ཉེ་འཁོར་གྱི་ཞིང་ཆེན་དག་གི་རིམས་ནད་ད་དུང་མཇུག་སྒྲིལ་མེད་ཅིང་། རིམས་ནད་འགོས་ཁྱབ་ཉེན་ཁ་སྔར་བཞིན་ཆེ་བ་དང་། ཕྱི་རིམས་ནང་མཆེད་ཀྱི་གནས་ཚུལ་སྔར་བཞིན་བྱུང་ཡོད། ཟླ8པའི་ཟླ་དཀྱིལ་ཚུན་ལ། རང་ཞིང་གི་གྲོང་ཁྱེར་དང་ཁུལ7དང་རྫོང་དང་ས་ཁུལ27དུ་སྔ་རྗེས་སུ་པྲོག་གསར་རིམས་ནད་འགོས་མཆེད་བྱུང་ནས་རང་རེའི་གྲོང་ཁྱེར་ལ་ཚད་མི་འདྲ་བའི་ཤུགས་རྐྱེན་ཐེབས། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས“ཕྱི་རིམས་ནང་མཆེད་དང་ནད་རིམས་བསྐྱར་མཆེད་ལ་འགོག་ཟོན”བྱེད་པའི་སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་སེལ”ཞེས་པའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་ཐོག གྲོང་ཁྱེར་ཡོངས་ཀྱི་སྣེ་འཁྲིད་དེ་སྲིད་ཇུས་གནད་འཁེལ་ལྟར་ལག་བསྟར་བྱས་ནས་འཕྲལ་ཐག་བཅད་ཅིང་། གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་ཐོག་རྡོག་རྩ་གཅིག་སྒྲིལ་ནས་ཧུར་བརྩོན་དང་། དམངས་སེམས་གཅིག་མཐུན་གྱིས་རིམས་ནད་འགོག་ཟོན་དང་ཐག་གཅོད་བྱ་བར་ནུས་པ་གང་ལེགས་བཏོན་པས། སྤྱི་ཚོགས་ཐོན་སྐྱེད་འཚོ་བའི་སྒྲིག་རིམ་རིམ་བཞིན་སླར་གསོ་བྱུང་བ་དང་། རིམས་ནད་འགོག་ཟོན་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ། དེ་བཞིན་དུ་རིམས་ནད་འགོག་ཟོན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་། ཚན་རིག་ལྟར་ལག་བསྟར་བྱེད་པ། རིམས་ནད་འགོག་ཟོན་གྱི་བྱེད་ཐབས་སྣ་ཚོགས་དོན་ཐོག་འཁྱོལ་ཆེད། གྲོང་ཁྱེར་པྲོག་གསར་རིམས་ནད་འགོག་ཟོན་བཀོད་འདོམས་པུའུ་ཡི་ཕྱོགས་བསྡུས་དཔྱད་ཞིབ་བརྒྱུད། ཉེ་དུས་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་ཟོན་ཐད་ལ་འབྲེལ་ཡོད་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

དགོས་གལ་མེད་ན་ཟི་ལིང་དུ་མི་ཡོང་བའམ་ཟི་ལིང་དང་ཁ་མི་བྲལ་པ་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་ཟི་ལིང་ནས་ཕྱི་ལ་འགྲོ་དགོས་པའམ་ཕྱིར་ཟི་ལིང་དུ་ལོག་དགོས་ཚེ་གཤམ་གྱི་བླང་བྱ་འདི་དག་ནན་གྱིས་བརྩི་སྲུང་བྱ་དགོས།

གཅིག ཟི་ལིང་གྲོང་ཁྱེར་ནས་ཞིང་ཆེན་གཞན་ལ་འགྲོ་མཁན་གྱིས་བདེ་ཐང་ཨང་བཤེར་དང་ལམ་ཐིག་ཨང་བཤེར་གྱི“ཨང་བཤེར་ལྗང་གུ”དང་། ཆུ་ཚོད24རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡི་གེ་བཅས་བཟུང་ནས། འགྲིམ་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་སོ་སོ་ནས་ཨང་བཤེར་དང་ལུས་དྲོད་འཇལ་བ་སོགས་ལ་ཞིབ་བཤེར་བྱས་རྗེས་དམིགས་འབེན་ས་གནས་སུ་སོང་ཆོག

གཉིས། ཟི་ལིང་གྲོང་ཁྱེར་ནས་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་གཞན་དག་ལ་འགྲོ་དགོས་ཚེ(གྲོང་ཁྱེར་དང་ཁུལ་གཞན་གྱི་མི། གྲོང་ཁྱེར་དང་ཁུལ་གཞན་དུ་ལས་ཞུགས་དང་ལས་ཀ་གཉེར་པའམ་འཚོ་སྡོད་མི་སྣ་བཅས)། སྔ་མོ་ནས་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་ཟོན་སྙན་སེང་ཐོ་འགོད་མ་ལག་སྟེང་སྙན་སེང་ཞུ་དགོས་པ་དང་། བདེ་ཐང་ཨང་བཤེར་དང་ལམ་ཐིག་ཨང་བཤེར་གྱི་“ཨང་བཤེར་ལྗང་གུ”དང་། ཆུ་ཚོད24རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡི་གེ་དང་སྡེ་བའམ་གཞིས་ཁུལ་གྱིས་བཏོན་པའི་སྒེར་གྱི་བདེ་ཐང་དཔང་ཡིག་བཅས་བཟུང་ནས། འགྲིམ་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་སོ་སོ་ནས་ཨང་བཤེར་དང་ལུས་དྲོད་འཇལ་བ་སོགས་ཀྱི་ཞིབ་བཤེར་བྱས་རྗེས་དམིགས་འབེན་ས་གནས་སུ་སོང་ཆོག

གསུམ། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་གཞན་དག་ནས་ཟི་ལིང་དུ་ཡོང་ནས་གཞུང་དོན་བསྒྲུབ་པ་དང་གྲོས་ཚོགས་ལ་ཞུགས་མཁན། རྒྱུགས་གཞིར་ཞུགས་མཁན་སོགས་ཀྱིས་སྔ་མོ་ནས་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་ཟོན་སྙན་སེང་ཐོ་འགོད་མ་ལག་སྟེང་སྙན་སེང་ཞུ་དགོས་པ་དང་། སྙན་སེང་ཆོག་མཐུས་ཐོབ་རྗེས། བདེ་ཐང་ཨང་བཤེར་དང་ལམ་ཐིག་ཨང་བཤེར་གྱི“ཨང་བཤེར་ལྗང་གུ”དང་། ཆུ་ཚོད24རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡི་གེ ལས་ཁུངས་ཀྱི་ངོ་སྤྲོད་ཡི་གེ གྲོས་ཚོགས་ཀྱི་བརྡ་ཐོ་དང་རྒྱུགས་ལེན་དཔང་ཡིག་སོགས་བཟུང་ནས། འགྲིམ་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་སོ་སོ་ནས་ཨང་བཤེར་དང་ལུས་དྲོད་འཇལ་བ་སོགས་ཀྱི་ཞིབ་བཤེར་བྱས་རྗེས། ས་ཚིགས་ནས་ས་ཚིགས་བར་དང་དམིགས་འབེན་ས་གནས་སུ་ཡོང་རྗེས། ཉིན3གྱི་ཚུན་ཐེངས2ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པ་སོགས་འགོག་ཟོན་བྱེད་ཐབས་ལག་བསྟར་བྱ་དགོས། ཞིང་ཆེན་ནང་ཁུལ་གྱི་རིམས་ནད་ཉེན་ཁ་འབྲིང་ཤོས་དང་མཐོ་ཤོས་ས་ཁུལ་ལམ་ཉེ་དུས་ཉིན7གྱི་ཚུན་ལ་རིམས་ནད་བྱུང་ས་རུ་ཡོད་པའི་མི་གནས་སྐབས་སུ་ཟི་ལིང་དུ་ཡོང་མི་རུང་།

བཞི། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་གཞན་དག་ནས་ཟི་ལིང་དུ་ཡོང་ནས་སྨན་བཅོས་བྱེད་པ་སོགས་དམིགས་བསལ་གནས་ཚུལ་ཅན་གྱིས། སྔ་མོ་ནས་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་ཟོན་སྙན་སེང་ཐོ་འགོད་མ་ལག་སྟེང་སྙན་སེང་ཞུ་དགོས་པ་དང་། སྙན་སེང་ཆོག་མཐུས་ཐོབ་རྗེས། སྨན་བཅོས་སམ་སྨན་ཁང་བརྗེ་སྤོ་བྱས་ནས་སྨན་བཅོས་བྱེད་པའི་དཔང་ཡིག་དང་། བདེ་ཐང་ཨང་བཤེར་དང་ལམ་ཐིག་ཨང་བཤེར་གྱི“ཨང་བཤེར་ལྗང་གུ”དང་། ཆུ་ཚོད24རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡི་གེ་བཟུང་ནས། འགྲིམ་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་སོ་སོ་ནས་ཨང་བཤེར་དང་ལུས་དྲོད་འཇལ་བ་སོགས་ཀྱི་ཞིབ་བཤེར་བྱས་རྗེས་ཟི་ལིང་དུ་ཡོང་ཆོག

ལྔ། ཞིང་ཆེན་གཞན་ནས་ཕྱིར་ཟི་ལིང་དུ་ལྡོག་པའམ་ཟི་ལིང་དུ་ཡོང་མཁན་གྱིས་མུ་མཐུད་དུ་ཟི་ལིང་གྲོང་ཁྱེར་པྲོག་གསར་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ(ཨང215པའི)བླང་བྱ་ལག་བསྟར་བྱ་དགོས།

སླད་ཕྱིན་གྱི་བྱེད་ཐབས་ཞིང་ཆེན་རིམས་ནད་འགོག་ཟོན་བཀོད་འདོམས་པུའུ་ཡི་རྒྱལ་སྟོན་དུས་ཆེན་སྔ་གཞུག་གི་རིམས་ནད་འགོག་ཟོན་བླང་བྱ་དང་རིམས་འགོག་སྣང་ཚུལ་འགུལ་རྣམ་ལྟར་ལེགས་སྒྲིག་བྱ་རྒྱུ་ཡིན་པས། རྒྱ་ཆེའི་སྡོད་དམངས་མང་ཚོགས་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་མཁྱེན་ནོ། །

ཟི་ལིང་གྲོང་ཁྱེར་པྲོག་གསར་རིམས་འགོག་བཀོད་འདོམས་པུའུ་ནས།

2022ལོའི་ཟླ9པའི་ཚེས27ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།