རང་ཞིང་གི་རྒན་གསོ་ཐད་ལ་ཁ་བསླུས་ཐེབས་པའི་གྱོད་དོན་ཐོག་མ་འདིར་ཁྲིམས་ཐག་བཅད་འདུག

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་མི་དམངས་ཁྲིམས་ཁང་གིས་དྲ་ལམ་ནས་ཁྲིམས་ས་འཚོགས་ནས་ལུང་མདོ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གཞུང་ཞུ་བརྒྱབ་པའི་ཝང་ཆེ་གེ་མོའི་ཁ་བསླུས་གྱོད་དོན་ཞིབ་དཔྱོད་བྱས་ནས་ཐག་བཅད། དེ་ནི་ལུང་མདོ་ཁྲིམས་ཁང་གིས་རྒན་གསོར་ཁ་བསླུས་ཐེབས་པའི་གྱོད་གཞིར་ཞིབ་གཅོད་བྱས་པ་གྱོད་དཔེ་ཐོག་མ་རེད།

ཁྲིམས་ས་ནས་ཉེས་ཅན་ཝང་ཆེ་གེ་མོར་ལོ་བདུན་དང་ཟླ་བ་དྲུག་གི་དུས་བཙོན་ཁྲིམས་ཐག་དང་། མི་དམངས་ཤོར་སྒོར50000ཡི་ཁྲིམས་ཆད་བཅད། དེ་མ་ཟད་ཁྲིམས་བཞིན་ཧི་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་ཅིན་ཞིའུ་མི་དམངས་ཁྲིམས་ཁང་གི(2017ལོའི)ཧི་པེ0602ཡི་ཁྲིམས་ཆད་ཐོག་མའི་ཉེས་དོན་བཅད་ཁྲ464པའི་ནང་ཉེས་ཅན་ལ་དུས་བཙོན་ལོ་གཅིག་དང་ཉེས་ཆད་ཕྱི་འགྱངས་ལོ་གཉིས་ཀྱི་ཁྲིམས་ཐག་དང་། ཆད་པ་སྒོར10000བཅད་ནས་ཉེས་ཆད་ཕྱི་འགྱངས་བྱས་པ་ལ་སོགས་པའི་ཉེས་ཆད་དུ་མ་ཕྱིར་འཐེན་བྱས་ཏེ། དུས་བཙོན་ལོ་བརྒྱད་དང་ཆད་པ་སྒོར་ཁྲི60000ཀྱི་ཁྲིམས་ཐག་བཅད་པ་མ་ཟད། ཁྲིམས་འགལ་ངང་ཐོབ་པའི་གྱོད་འབྲེལ་སྒོར304800གནོད་པ་ཐེབས་མཁན་ལjསྐྱིན་ཚབ་སྤྲད་དུ་བཅུག

ཁྲིམས་སར་ཞིབ་གཅོད་ལྟར་ན། 2017ལོའི་ཟླ6པ་ནས་བཟུང་། ཝང་ཆེ་གེ་མོས་ཁ་པར་བརྒྱུད་ནས་ལས་འཁྱུར་ངལ་གསོ་བྱས་ཏེ་ཁེར་རྐྱང་དུ་སྡོད་པའི་དགེ་རྒན་ཀྲང་ཆེ་གེ་མོ(དེ་དུས་ལོ80ཅན)ལ་རང་ཉིད་ནི་སྨན་པའི་ལས་ཀ་གཉེར་མཁན་ཞིག་ཡིན་ཁུལ་གྱིས་རྒྱུན་དུ་ཁ་པར་སྟེང་ནས་ཀྲང་ཆེ་གེ་མོ་ལ“སྐྱིད་སྡུག་འཚམས་འདྲི”བྱས། ཕྱིས་ཀྲང་ཆེ་གེ་མོའི་ཡིད་ཆེས་ཐོབ་རྗེས་གཅོང་ནད་ཡོད་པའི་ཀྲང་ཆེ་གེ་མོར་ཕན་ནུས་ཁྱད་པར་ལྡན་པའི་བདེ་སྲུང་ཐོན་རྫས་མཚམས་སྦྱོར་བྱས་ནས་ཁ་བསླུས་རྒྱག་འགོ་བརྩམས། དེའི་རྗེས་སུ་ཡང་བསྐྱར་ཀྲང་ཆེ་གེ་མོར་བགྲེས་པོའི་གཅོད་ནད་ཁ་གསབ་ལེན་པར་སྙན་ཞུ་རྒྱག་དུས་འགྲོ་ལུགས་ཀྱི་རིན་པ་དང་། མི་སྒེར་གྱི་ཐོབ་ཁྲལ། ལུས་ཕུང་བརྟག་དཔྱད་ཀྱི་རིན་པ་སོགས་ཀྱི་མིང་ཐོག་ནས་མུ་མཐུད་ནས་མགོ་སྐོར་བཏང་། 2021ལོའི་ཟླ5པའི་བར་ཏེ་ལོ5ཡི་རིང་ལ་ཝང་ཆེ་གེ་མོས་གནོད་འཚེ་ཐེབས་མཁན་ཀྲང་ཆེ་གེ་མོའི་ལག་ནས་སྒོར324800གཡོ་ལེན་བྱས་པ་དང་། ཚང་མ་ཝང་ཆེ་གེ་མོ་རང་ཉིད་ནས་བརླག་ཚར་ཡོད་པ་རེད།  ཁྲིམས་ཁང་གིས་འདི་སྐད། ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོས་ཁྲིམས་འགལ་གྱི་ངང་ནས་གཞན་གྱི་རྒྱུ་ནོར་བདག་ཏུ་འཛིན་ཆེད། གཡོ་སྒྱུ་ཁྲམ་གསུམ་སྤྱད་དེ་རྒད་པོའི་རྒྱུ་ནོར་བླངས་པ་གྲངས་འབོར་ཧ་ཅང་ཆེ་བས་ཁ་བསླུས་ཉེས་པ་བསགས་ཡོད་པར་མ་ཟད། ཉེས་ཆད་ཕྱི་འགྱངས་ཀྱི་སྐབས་ལ་ཡང་མུ་མཐུད་དུ་ཁ་བསླུས་བརྒྱབ་ཏེ་བགྲེས་པོའི་རྒན་གསོ་མ་དངུལ་གཡོ་ལེན་བྱས་འདུག ད་ལྟ་མ་དངུལ་དེ་དག་ལས་མང་ཤོས་ཚུར་ལེན་ཐེབས་བྲལ་བས་ལོ་ལོན་རྒན་པོའི་ཚེ་མཇུག་གི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས། ཚུལ་དེ་ལ་དམིགས་ནས་ཉེས་ཆེད་ལྕི་མོ་གཅོད་དགོས་འདོད་ཀྱང་། ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོས་གྱོད་ཞིབ་སྐབས་ལ་རང་ཉིད་ཀྱི་ཉེས་དམིགས་ཐམས་ཅན་ངོས་ལེན་གཙང་མ་བྱས་པ་མ་ཟད། གཡོ་ལེན་བྱས་པའི་མ་དངུལ་ཁག་ཅིག་ཕྱིར་སྤྲད་པའི་ཐོག་ནས་གོང་བཞིན་ཆད་པ་ཡང་མོ་བཅད་པ་ཡིན་ཟེར།

དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁག་ཅིག་དང་། སྲིད་གྲོས་ཨུ་ཡོན། ཆུས་རྒན་གསོ་མ་དངུལ་ལ་ཁ་བསླུས་རྡུང་རྡེག་ཆེད་དོན་འགུལ་སྐྱོད་ཁོངས་གཏོགས་ལས་ཁུངས། རྒན་རྒོན་ཁག་ཅིག་དང་གསར་ལམ་ཁག་གི་གསར་འགོད་པ་བཅས་ཀྱིས་གྱོད་དོན་ཞིབ་གཅོད་ལ་ཟུར་ཉན་བྱས།

ལོ་ཙཱ་བ། ཁོན་ཐར་འཚོ།