ངག་རིག་དབྱངས་ཀྱི་རྦ་རླབས་མཚོ་བྱུང་ལྷ་མོའི་མགྲིན་གླུ་སྲིད་ཞི་དབྱངས་ཀྱི་བསྡུས་གཟུགས་ཞེས་བྱ་བ། ཁམས་པ་རབ་དབྱངས།

དམར་སེར་ལི་ཁྲིའི་འཆར་ཀའི་མདངས་འཛིན་ཤེས་རབ་ཉི་མ་ཡོངས་སུ་གྲོལ་བའི་ཤེས་བྱའི་པད་ཚལ་རྒྱས་པའི་དཀྱིལ་འཁོར་ལ། །

བདེ་ཆེན་ངག་གི་རིག་བྱེད་སྦྲུམ་པའི་སྲིད་ཞི་ངག་རིག་དབྱིངས་སུ་འཁྱིལ་བའི་རིག་བྱེད་ངག་གི་དིང་གླིང་ཁེར་འབུད་ལ། །

མཚན་དཔེའི་མེ་ཏོག་ཡིད་ལ་ཕོག་པའི་མཚུངས་མེད་ངག་གི་ཟླ་བྲལ་ལྷ་མོའི་རྒྱལ་ཀུན་ཐུགས་ཀྱི་གསང་བ་གཅིག་བསྡུས་པ། །

རྟོག་ཚོགས་སྒྱུ་མའི་རྦ་རླབས་འཁྱིལ་བའི་དབྱངས་ལྡན་དགའ་བའི་ན་ཆུང་ལྷ་མོའི་ཀུན་རྟོག་སྣང་བའི་འཆར་ཡན་གླུ་རུ་སྩོལད། །

རང་སྣང་དག་པའི་བཙན་ས་ཟིན་པའི་མང་ཐོས་བྱེ་བའི་གཏེར་བརྒྱ་གྲོལ་བའི་བྱིན་རླབས་དབང་གཞུ་བཀྲ་བའི་སྒྱུ་འཕྲུལ་མ། །

འཁོར་འདས་སྲིད་པའི་བསྡུས་གཟུཊ་འདི་དག་སྣང་བ་འཁྲུལ་བའི་རྫུན་པར་རྟོཊ་པའི་མཚར་སྡུག་ནོར་བུ་སྤྲས་པའི་སྡུག་གུ་མ། །

དགོངས་པའི་ཐུཊ་ཀྱི་ཀློང་ནས་བརྡོལ་བའི་སྙིང་རྗེའི་པད་དཀར་སྲིད་ནས་འཛུམ་པའི་རྒྱལ་ཀུན་ཡེ་ཤེས་གསལ་བའི་ཉི་གཞོན་ལ། །

ཉམས་རྟོགས་ཞི་བའི་ངང་ཚུལ་ཅན་གྱི་ཚངས་སྲས་ངག་གི་མཆོད་པ་འདི་ལ་དབྱངས་ཅན་ལྷ་མོའི་འཕྲུལ་ཐབས་ཁྱེད་ལ་སྩོལ། །

ཡིད་གཅུགས་སྙིང་ལ་མཛའ་བ་སྟེར་བའི་ཀུན་གསལ་བུ་མོའི་ཚར་དུ་དངར་བའི་རྒྱལ་ཀུན་ཡེ་ཤེས་གསལ་བའི་ཉི་གཞོན་ལ། །

ཟབ་དོན་དབྱངས་ཀྱི་མགྲིན་པའི་གསང་སྒོ་རིག་བྱེད་ཚིག་གི་རླབས་ཕྲེང་གཡོ་བའི་ངག་རིག་མཚོ་མོ་སྐྱོམ་པའི་རླབས་ཕྲེང་གིས། །

ཀུན་རྟོག་སྣང་བའི་ཉེར་ཞི་འདི་དག་ཟག་མེད་བདེ་བའི་དཔལ་ལ་འདྲེན་པའི་དགེ་ལེགས་སྣང་བའི་རོལ་རྩེད་ཅི་དགར་འཇོ། །

གཉུག་སེམས་སྒྱུ་མའི་འབྱམས་སུ་ཀླས་པའི་ངག་རིག་ཚངས་པའི་སྤྱོད་པ་གྲོལ་བའི་ཡིད་འཛིན་རྣམ་པར་ཕྱེ་བའི་ངག་རིག་ལྷ། །

ཚོགས་དྲུག་པདྨའི་འདབ་མ་རེ་རེ་ཀུན་རྟོག་སྣང་བའི་ཚལ་དུ་འཁྲིགས་རྗེས་ཡན་ལག་དྲུག་ཅུའི་གསུང་གི་སྒྲ་དབྱངས་ཅན། །

མཚར་སྡུག་སྟོང་གི་སྒེག་པ་འདི་དག་ཏིང་འཛིན་ཤུགས་ཀྱིས་ཡོམ་ཡོམ་འདར་བའི་ངག་རིག་མེ་ཏོག་ཚོགས་ཀྱི་མཆོད་པར་བགྱིས། །

རབ་མཛེས་ཟླ་བའི་འཛུམ་འཕྲེང་དབུས་ཀྱི་གདོང་བཞི་པདྨའི་གེ་སར་འདི་དག་ཙན་དན་ལོ་མའི་དྲི་བསུང་རིམ་གྱིས་འཕྱུར། །

འདབ་མའི་འབྲས་བཟང་ཡོངས་སུ་སྨིན་ནས་རྐང་དྲུག་བུང་བའི་ལྡིང་སྐོར་བྱེད་པའི་འགྲོ་བའི་ཀུན་ཡིད་ཚིམ་པའི་ཡིད་འཕྲོག་མ། །

རིག་བྱེད་དབྱངས་ཀྱི་ཡན་ལག་བརྒྱད་ལྡན་སྟོང་གསལ་མུ་ཁྱུད་འདི་རུ་བྲིས་པའི་གང་གི་བརྩེ་བའི་སྙན་པའི་མགུལ་རྒྱན་འདི། །

ཞུ་འཕྲིན་རླབས་ཀྱི་སྒྲ་དབྱངས་སོར་མོའི་ཡིད་ཁམས་སྣང་བའི་རྒྱ་མཚོ་དཀྲུགས་ནས་ཚིག་གི་རབ་བྱེད་བཏགས་པའི་རྗེས་ཤུལ་ནས། །

སྣང་སྲིད་རྟེན་འབྱུང་གླུ་རུ་བསྟར་ནས་སྒྱུ་འཕྲུལ་སྣང་བའི་ཞབས་སེན་ལེན་པའི་ཚེམས་ཀྱི་ཕྲེང་བ་རྒོད་པའི་ཡིད་འཕྲོག་མ། །

བདེན་གསུང་ཚངས་པའི་རོལ་མོ་འདི་དག་ངག་རིག་དབྱངས་ལ་ཚུར་དུ་བཀྲོལ་ནས་སྙིང་རྗེའི་མེ་ཏོག་མཆོད་པའི་མགྲིན་དབྱངས་འཐོར། །

མཚན་ལེགས་གཟི་བརྗིད་རྣམ་པར་བཀྲ་བའི་ཟླ་ཤེལ་མེ་ཏོག་དགོད་པའི་གཟུགས་ལ་ཏིང་འཛིན་སྣང་བ་ཞི་བའི་རླབས་ཀྱི་བསྒུལ། །

ཐུགས་རྗེའི་ཆུ་འཛིན་མངོན་པར་མཐོ་བའི་ཚོགས་གཉིས་གྲུ་ཆར་ཡོངས་སུ་འཇོ་བའི་སྲིད་ཞིའི་རྒུད་པ་སེལ་བའི་མཐུ་དང་ལྡན། །

ཡིད་འཛིན་སྤྲོས་པ་དབྱིངས་སུ་འདྲེན་པའི་དར་ཟབ་གྱོན་པའི་འཕྱོར་སྒེག་རེ་ལ་རབ་གསལ་སྤྱན་རས་ལྷོད་ཀྱིས་གཡོ་བའི་འཛུམ། །

གདོང་བཞི་ལྷ་མོའི་སྐྱེ་མཆེད་འདི་ཡིས་རྣམས་ཀུན་དགའ་བའི་དཔལ་ལ་སྦྱིན་པའི་སྲིད་གསུམ་ཆེ་བ་རྫོགས་པའི་བཅོམ་ལྡན་མ། །

མི་ཕྱེད་དད་པའི་འདབ་སྟོང་བཞད་པའི་སྲིད་ཞི་མཚར་སྡུག་ཅིག་ཅར་འཕྲོས་པའི་དྲི་བྲལ་སྟོན་ཟླ་རྒྱས་པའི་འཛུམ་ཟེར་ཅན། །

ངག་རིག་དབྱངས་ཀྱི་ཟམ་པ་འགུལ་བའི་གཉུག་མའི་གཤིས་ཀྱི་རྒྱང་གླུ་འཐེན་པའི་སྙན་ཚིག་གྲེ་འགྱུར་གདངས་ཀྱི་སྒྲ་འཛིན་པའི། །

ནང་སེམས་མཚོན་པའི་བསྡུས་གཟུགས་འདི་དག་མགྲིན་པའི་ངག་ལ་དྲང་བའི་ཐུགས་རྗེེས་ལྷག་པར་བཟུང་བའི་གངྒ་མ། །

རྨད་བྱུང་ཚིག་གི་རབ་བྱེད་དཀྲོལ་བའི་སྲིད་གསུམ་ངག་རིག་མགུལ་དུ་འཁྱུད་པའི་བརྩེ་ཆེན་འོད་སྣང་ཡོངས་སུ་སྦྱིན་གྱུར་ཅིག །

མདངས་ལྡན་དཀར་གསལ་ཚེམས་ཕྲེང་གསལ་བའི་རྨད་བྱུང་ལང་ཚོ་དཔལ་ལ་འདྲེན་ནས་ཚོཊ་དྲུག་ཟེགས་མ་ཡིད་ཀྱི་གོས་སུ་ཀླུབས། །

མཉེན་ལྕུག་འཁྲི་ཤིང་རླུང་གིས་གཡོ་བའི་ཀུན་ཏུ་དགའ་བའི་ཐུགས་རྗེའི་ཟེགས་མ་འཐོར་བའི་རང་གཟུགས་ཅན། །

རྒྱལ་ཀུན་བསྐྱེད་པའི་ཡུམ་མཆོག་མ་ཁྱོད་རྒྱ་ཆེན་ཤེས་བྱའི་ལྷ་ལམ་ཡངས་པའི་བརྩེ་བའི་སྤྱན་ཟུང་དལ་གྱིས་གཡོ་བར་བྱེད། །

དྲུག་ལྡན་མགྲིན་པའི་ལྷང་ལྷང་མགྲིན་གླུ་དྲི་ཟའི་བུ་མོའི་འཁོར་ཚོགས་སྐྱོངས་བའི་དབྱངས་ལྡན་སྙན་ངག་སྨྲ་ལ་ཐོགས་པ་མེད། །

རྗེས་ཆགས་བརྩེ་བའི་ཚེམས་ཕྲེང་འཛུམ་པའི་ངག་རིག་ལྷ་མོ་སྲིད་ནས་སྐྱོངས་བའི་སྙན་ཚིག་ངག་གི་གདངས་གླུ་སྟར་ལ་རྒྱུས། །

སྙན་ཚིག་ངག་གི་སྡིངས་ཆ་གྲོལ་བའི་རབ་བྱེད་བཏགས་པའི་ཞབས་སེན་ལེན་པའི་དམིཊ་མེད་འཕྲུལ་བའི་སྒྱུ་མའི་རྩེ་འཇོ་རོལ། །

རབ་མཛེས་འོད་ཀྱི་དྲ་བས་འཁྱུད་པའི་རིག་བྱེད་འོད་སྟོང་འབུམ་དུ་འཕྲོ་བའི་ཏིང་འཛིན་ཞི་བ་ཐོབ་པའི་མཚོ་བྱུང་མས། །

རྣམ་ཀུན་ཞི་བའི་དཔལ་ལ་འདྲེན་པའི་ཡུམ་མཆོག་ལྷ་མོ་སྲིད་ན་འཕགས་པས་ཚོར་རྟོག་སྣང་བ་ཚིག་གི་རླབས་ལ་སྐྱོམ། །

སྲིད་གསུམ་སྣང་བ་གཅིག་ཏུ་བསྡུས་པའི་དགེ་ལེགས་འོད་དཀར་ཡོངས་སུ་འདྲེན་པའི་ཞུ་འཕྲིན་མེ་ཏོག་མཆོད་པའི་མཎྡལ་དུ། །

མཚན་དཔེའི་སྐུ་ཡི་མཚར་སྡུག་གྲོལ་བའི་མ་འདྲེས་ཡོངས་ཀྱིས་ལྷེམ་མེར་གསལ་བའི་དད་པའི་སྤུ་ལོང་བརྩེ་བའི་དགྱེས་སུ་བཟུང་། །

གཞན་ཕན་ལྷག་བསམ་རབ་ཏུ་རྩེན་པའི་ཐུགས་བསྐྱེད་རྨད་བྱུང་ཡོངས་སུ་བསྐོར་བའི་མཁྱེན་དང་བརྩེ་བའི་འཛུམ་པའི་རེས་ངོགས་སུ། །

རིག་བྱེད་ཚིག་གི་རྒྱུད་མངས་དཀྲོལ་ནས་སྲིད་གསུམ་དབྱངས་བདུན་རྗེས་སུ་འཛིན་པའི་ངག་རིག་ལྷ་མོ་ཤིས་པའི་དཔལ་དུ་སྙིལ། །

༢༠༢༢/༢/༡༥/མདོ་སྨད་ཕྱོགས་ནས་བྲིས།

རྩོམ་པ་པོའི་ངོ་སྤྲོད།

ཁམས་པ་རབ་དབྱངས། སྙན་ངག་གི་ལམ་དུ་ཞུགས་ཁར་སྨྱུག་མིང་ལ་ཁམས་པ་རབ་དབྱངས་ཞེས་བཏགས། 2015ལོ་ནས་བཟུང་རྩོམ་རིག་གི་ལམ་བུ་ལ་ཞུགས་ནས་གང་ལ་གང་འཚམ་གྱི་རྩོམ་རིག་ལ་རྒྱུན་འཁྱོང་བྱས། སྔ་གཞུག་ཏུ་སྙན་ངག་མང་ཤོས་ཤིག «མི་རིགས་ཀྱི་རྩོམ་རིག» «གངས་རྒྱན་མེ་ཏོག» «གངས་དཀར་རི་བོ།» «ཁ་བཏགས་དཀར་པོ།» «ཤྭ་སྐྱའི་ལོ་དེབ།» «རང་གྲོལ་དུས་དེབ།» «རི་བོ་ཉི་ཟླ།» «གསེར་གྱི་ལྷ་དར།» «ནང་རིག་འོད་སྣང་།» «འབོད་པ།» «མཚོ་སྔོན་བོད་ཡིག་ཚགས་པར།» རྔ་བའི་ཚགས་པར། གཞིས་ཀ་རྩེའི་ཚགས་པར། ཀན་ལྷོའི་ཚགས་པར། མངའ་རིས་ཚགས་པར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། ཁམས་པའི་ཚགས་པར་དུ་དམིགས་བསལ་གྱི་ས་མིག་སྤྲད་ནས་སྙན་ངག་ཆེད་བསྒྲིག་ཀྱང་སྤེལ་མྱོང་། ཁུལ་རིམ་པའི་དུས་དེབ་དང་ཚགས་ཤོག་མང་ཤོས་ནང་ཁོ་བོའི་སྙན་ངག་མཇལ་ཐུབ། ད་ལྟར་ཡུལ་ཤུལ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། རྫ་སྟོད་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།