ས་མཐའི་སེམས་འགྱུ། ཁྲ་གླག་སྲས།

དང་པོ་ཉི་མའི་འོད་ཟེར།།

ཞལ་གྱི་དཀྱིལ་འཁོར་གསལ་ལེར།།

ནམ་མཁའི་དབྱིངས་སུ་འཕགས་བྱུང་།།

ང་ཡི་སེམས་པ་སྒོར་སྒོར།།

སྒོར་སྒོར་ཉ་གང་ཟླ་འདྲའི།།

གཞས་ཤིག་སེམས་ནས་ལེན་འདོད།།

གཞིས་བྱེས་ཕ་མ་སྤུན་མཆེད།།

མྱུར་དུ་མཇལ་ན་བསམས་བྱུང་།།

མ་ཐུག་ཡུན་རིང་དུས་ཀྱི།།

སྙིང་ལ་ཆགས་པའི་སྐད་ཆ།།

སེམས་པ་དྲོས་རག་བར་དུ།།

ག་ལེར་ཞུ་ན་འདོད་བྱུང་།།

མི་ཡུལ་ས་མཐའ་འགྲིམས་ནས།།

ཞེན་ཆགས་མིག་ཀོར་འཁྱིལ་ས།།

ཕ་ས་ལུང་བ་དྲན་ན།།

མི་ཚེ་སྙིང་བོ་གང་ཡིན།།

ཨ་ཅག་མཛེས་མས་དྲངས་པའི།།

འོ་ཇ་ཞིམ་མངར་ཆེ་རུང་།།

ཟས་ཀྱི་ཡི་ག་ཆད་ནས།།

འཐུང་རྒྱུའི་བསམ་པ་མི་འདུག།

དང་པོ་མིག་ལ་ཤར་བ།།

ཕ་མའི་ཞལ་རས་སྒོར་སྒོར།།

སྒོར་སྒོར་སེམས་གཞས་དྲོན་མོ།།

རྒྱང་རིང་ཡུལ་ནས་ལེན་འདོད།།

གཉིས་པ་སེམས་ཀྱི་ངོས་སུ།།

གསལ་འོང་གསལ་བོར་སྣང་བ།།

ཕ་མའི་གསུང་གི་ཞལ་ཏ།།

མི་ཡུལ་འགྲིམ་པའི་ལམ་ཆས།།

ཨ་ཅག་བུ་མོས་ཞུས་པའི།།

གཏམ་གྱི་སྙན་པ་གསོ་རུང་།།

རྣ་བའི་དར་ལུང་ནང་ལ།།

སིམ་ནས་སྡོད་རྒྱུ་མི་འདུག།

སྤྲིན་དཀར་ཕང་ཕུང་ནང་ལ།།

ཕ་མའི་སྐུ་ལུས་གསལ་གསལ།།

སྤྲིན་པ་ཉི་མས་ཞུས་ན།།

གནམ་གྱི་ཕ་མཐའ་མི་མངོན།།

ས་མཐའི་ནུབ་ཀ་རེ་རེ།།

སྨག་ནག་སྤྲིན་གྱིས་བཏུམས་ན།།

མགོ་བོ་སྔས་ལ་བཞག་ནས།།

གདུང་བའི་དྲན་པ་བསགས་ཡོད།།

ཨ་ཅག་མཛེས་མའི་ཞལ་འཛུམ།།

རུམ་ཁོང་སྟོད་ན་བཞད་ཀྱང་།།

སེམས་ཀྱི་སྨག་རུམ་སྟུག་པས།།

གསལ་འོང་བསམ་པ་མི་འདུག།

བྲིས་པའི་ཡི་གེ་རེ་རེ།།

དྲན་གདུང་ཡིད་ཀྱི་གསོས་སྨན།།

ཡང་ཡང་བཏུང་དགོས་བྱུང་བས།།

སྨྱུ་གུས་སྐྱོ་རོགས་གནང་སོང་།།

ང་ནི་ས་མཐའི་མི་ཡིན།།

ཨ་ཅག་མཛེས་མའི་གྲོགས་རེད།།

རྒྱང་རིང་ཡུལ་གྲུ་ཞིག་ནས།།

སྔོན་ལས་འཕྲད་པའི་ཟླ་རེད།།

སྟོན་ལ་ནམ་ཟླ་བརྗེས་ཏེ།།

ས་གཞིའི་གསེར་མདོག་ལམ་ལམ།།

མིག་མཐར་ལྷུང་བའི་དྲན་པ།།

ལོ་མའི་ཁ་ཏོག་དེ་རེད།།

ཨ་ཅག་སྟོན་གྱི་འབྲས་བུ།།

ཟས་བརྒྱ་རོ་མཆོག་མངར་བའི།།

ཕུད་ཀྱི་དྭངས་མར་མཆོད་ན།།

ཁྱོད་ལུས་ལོངས་སྤྱོད་མཛོད་རེད།།

ཨ་ཅག་ཆང་མས་བསྙལ་བའི།།

ལོ་ཆང་ཁམ་པ་འཐུང་ནས།།

སེམས་པ་བཟི་བའི་དུས་ལ།།

སྙན་པའི་གཞས་ཤིག་གཏོང་འདོད།།

གཞས་ལ་རམ་སྐྱོར་གནང་བའི།།

ཨ་ཅག་བྲོ་ཞིག་ཁྲོབས་དང་།།

ཡིད་ཀྱི་སྒྱུ་འཕྲུལ་ངོས་ནས།།

བརྩེ་བའི་མདུད་རྒྱ་གྲོལ་འོང་།།

སྒེག་ལྡན་གར་གྱི་མཛེས་པ།།

མིག་གི་བྱིན་ལ་བབས་ན།།

སེམས་ཀྱི་ཚན་ཁ་འབར་ནས།།

སྣང་བའི་སྤྲོ་དགའ་ལང་ལོང་།།

གོས་དཀར་སྲབ་མོའི་ནང་ནས།།

མཁྲང་ཟླུམ་འོ་ཟུང་གཉིས་ཀ།

ལན་རེར་མངོན་སྦས་བྱས་ན།།

མིག་གི་ངལ་དུབ་སངས་འོང་།།

གློག་འཕྲུལ་འོད་ཀྱི་སྣང་བ།།

མིག་ལ་གཟན་པ་གནང་ཡང་།།

ལུས་ཀྱི་སྒེག་ལྡན་སྟངས་སྟབས།།

དགའ་བའི་དཔྱིད་དུ་ཤར་འོང་།།

སྤྱན་ཟུང་འཛུམ་པའི་ཟླ་ལ།།

འོད་ཀྱི་སྣང་བ་འཕྲོས་ན།།

མི་རྟག་སྒྱུ་མའི་རྟོག་འཆར།།

ལྷ་མོའི་ཟོལ་གྱིས་བྲིས་བྱུང་།།

ཕྲ་ལྡེམ་རྐེད་པའི་ཉག་མ།།

ལག་པའི་ཁུགས་སོར་ལྷུང་སྟེ།།

སྐྲ་ཉག་ལན་བུའི་བསིལ་བ།།

གདོང་ལ་བྱུགས་ན་སྐྱིད་པ།།

ཨ་ཅག་ཡིད་འོང་མཛེས་མ།།

མི་ཡུལ་མི་ཡུལ་ཟེར་ཀྱང་།།

ལོག་ས་བརྩེ་བའི་ཁུགས་པ།།

འཁྱིལ་ས་ཁྱོད་ལས་མི་འདུག།

2022ལོའི་ཟླ་དགུ་བའི་ཚེས་པ་བཅུ་ཉིན།