རྨི་ལམ་ནང་གི་སྐར་མ། མཚོ་བྱང་། བྲག་རྡོ།

སྟོན་ཁ་འདི་ཤིན་ཏུ་རིང་བ་འདྲ།

ངས་ཚེ་གཅིག་གི་དྲན་གདུང་གི་སྡུག་བསྔལ་ཡོད་ཚད།

ལྡོག་བཞུར་གཙང་པོའི་བཞུར་རྒྱུན་གྱི་རླབས་དང་འདྲེས་ཏེ།

ལས་དབང་ཞེས་ཡོད་ཚད་རླུང་ལ་སྐུར་གྱིན་འདུག


ཁྱོད་རང་རྨི་ལམ་གྱི་ཕྱི་ནང་གསང་གསུམ་དང་འདྲེས་ཏེ།

ནམ་མཁའ་གཅིག་པུར་ཁྲེལ་གཞུང་འཛིན་གྱིན་འདུག


ཡུན་རིང་ལུས་པའི་རྒྱང་རིང་གི་རྨི་ལམ།

ཁྱོད་རང་ནང་བཞིན་བརྩེ་དུང་གི་ཟབ་སར་འཛུལ།

ང་ཡང་སྐྱོ་གདུང་གི་ཡུལ་དང་བྲལ་ཏེ།

བདེ་སྐྱིད་ཀྱི་རྨི་ལམ་དང་བརྩེ་སེམས་ཀྱི་ནམ་མཁར་བལྟས་ནས།

སྐར་ཚོགས་ཀྱི་འཁྲེང་ཞེན་ལ་བསྒུགས།


ཁྱོད་ལ་བདེ་སྐྱིད་ཀྱི་རྨི་ལམ་ཡོད་དམ།

རྨི་ལམ་གྱི་གཡང་དུ་ལྷུང་བའི་ཁྱོད་རང་གང་དུ་ཡོད་དམ།


ག་ལེར་ཕེབས་དགོས་མ་གསུངས།

ང་ཡང་བྲེལ་བྲེལ་ཆགས་ཡོད།

བྲེལ་བྲེལ་གྱི་སེམས་པ་གཅིག་པུ་ནམ་ཡང་ཁྱོད་ལ་བསྐྱུར་ཡོད།

སེམས་པའི་ནང་གི་སེམས་པའང་ནམ་ཡང་ཁྱོད་སར་བསྲིངས་ཡོད།


བདེ་སྡུག་མི་ཐེག་པའི་ང་ཚོ་འདི།

མཚམས་རེར་ཤིན་ཏུ་ཡང་མོ་ཞིག་སྟེ།

རླུང་བུ་བསིལ་མོ་ཞིག་གིས་རྒྱང་རིང་དུ་ཁུར་འགྲོ་ཨང་།


དོ་ནུབ། ངས་རྒྱང་རིང་དྲན་མ་ཕོད།

སྐར་ཚོགས་ཀྱིས་ང་ལ་བལྟས་འདུག་པ་འདྲ།

མ་རེད། ངས་སྐར་ཚོགས་ཁོ་ནར་བལྟས་ཡོད།


རྒྱབ་གཟུགས་བོར་བའི་ཁྱོད་རང་ནང་བཞིན་དུ།

ངའི་མིག་ཟུང་ལས་སྐར་ཚོགས་ཀྱང་འབོར་གྱིན་འདུག


དོ་ནུབ། ངས་བརྩེ་དུང་གླེང་མ་ཕོད།

རྨི་ལམ་ནང་གི་སྐར་མས་འབོད་ཀྱིན་འདུག

མ་རེད། ངས་རྨི་ལམ་ནང་གི་སྐར་མ་དྲན་གྱིན་འདུག


འུ་གཉིས་ལ་རྒྱང་རིང་ཡོད་མི་སྲིད་ནའང་།

ཡོད་མི་སྲིད་པའི་རྒྱུ་མཚན་རྙེད་ཐབས་མི་འདུག

ངས་ཁྱོད་རང་གཏན་དུ་འབོར་མི་སྲིད་ནའང་།

ངས་ཁྱོད་རང་རྙེད་པའི་ལས་དབང་དེ་ཤེས་ཐབས་མི་འདུག

འཇིག་རྟེན་དུ་རང་གིས་བློས་མི་ཐོངས་པ་དག

མཛེས་སྡུག་ཏུ་འཁྲུལ་གྱིན་ཡོད་པ་ཤེས་ནའང་།

དེ་དངོས་གནས་ལྡོག་ཐབས་ཤིག་མི་འདུག་ཨང་།


ང་ལ་འགྱོད་པ་ཞིག་གཏན་ནས་སྐྱེས་མྱོང་མེད་ནའང་།

མ་འོངས་པ་བསམས་ཚེ།

ང་གཉིད་ཁུགས་ཐུབ་ཀྱིན་མེད།

དངོས་གནས་ང་གཉིད་ཅིག་ཁུགས་ཐབས་མི་འདུག་ཨང་།

དོ་ནུབ། ང་ལ་བརྩེ་དུང་མི་དགོས།

བརྩེ་དུང་གི་རྔན་པ་མི་དགོས།

རྨི་ལམ་གྱི་སྐར་ཁུང་ལས་ཁྱོད་རང་ལན་ཅིག་མཐོང་བས་ཆོག

རྨི་ལམ་ནང་གི་སྐར་མ་ནམ་ཡང་ཁེར་རྐྱང་ཡིན་འོས།


ངས་ཁྱོད་རང་མཐོང་བྱུང་།

རྨི་ལམ་གྱི་སྐར་ཁུང་ལས་མཐོང་བྱུང་།

རྨི་ལམ་ནང་གི་སྐར་མ་མཐོང་བྱུང་།

ཁེར་རྐྱང་གི་སྐར་མ་མཐོང་བྱུང་།

ངས་རང་གི་མིག་ཟུང་ལས་ཁྱོད་རང་ལན་ཅིག་མཐོང་ན་བསམས་བྱུང་།


དོ་ནུབ། ང་ལ་ཕ་ཡུལ་མི་དགོས།

ཕ་ཡུལ་གྱི་ལོ་ཟླ་མི་དགོས།

རྨི་ལམ་ཐུན་གཅིག་ཡོད་པས་ཆོག

རྨི་ལམ་ནང་ནས་སྐར་མ་ལན་ཅིག་མཐོང་བས་ཆོག


ལོ་ཟླ་ནི་རིམ་བཞིན་རྒྱང་དུ་བརྒལ་སྲིད་ནའང་།

ངའི་རྨི་ལམ་ནང་གི་ཁྱོད་རང་བཞུད་མི་འོས།


ཁྱོད་རང་བདེ་སྐྱིད་ཀྱི་རྨི་ལམ་ཡིན།

རྨི་ལམ་གྱི་བདེ་སྐྱིད་ཡིན་ནོ།།


ལོ་བརྒྱའི་ཁེར་རྐྱང་གི་ཁེར་རྐྱང་ནི།

དྲན་གདུང་གི་སྒར་ཁ་རུ་སྔར་བཞིན་ཁེར་རྐྱང་ངོ་།།


དོ་ནུབ། ང་རང་སྐར་ཚོགས་ཁྲོད་ཀྱི་སྐར་ཕྲན་ཞིག་བྱ་འདོད་དེ།

ཁྱོད་ཀྱིས་ལན་ཅིག་བལྟས་པས།

སྤྲིན་ཕུང་གིས་ཡོངས་སུ་བསྒྲིབས་ནའང་།

ང་ལ་འགྱོད་གདུང་དང་ཕངས་སེམས་མི་འདུག

བདག་གི་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྐད་ཆ་ཁ་ཤས་ཀྱིས།

ལན་ཆགས་ཀྱི་ཕུང་བོར་ཆགས་ཏེ་ཁྱོད་ལ་འོས་མེད་བྱས་ཡོད་ནའང་།

དེ་ཡང་ངས་ཁྱོད་རང་བརྗེད་མེད་དུ་བཟོ་བྱེད་ཀྱི་དྲན་རྟགས་ཤིག་ཡིན།


བདག་གི་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་རྣམ་འགྱུར་ཁ་ཤས།

སྡུག་བསྔལ་གྱི་བྱེད་པོར་ཆགས་ཏེ་ཁྱོད་ལ་ཕོག་ཐུག་བཟོས་ཡོད་ནའང་།

དེ་ཡང་ངས་ཁྱོད་རང་དྲན་བྱེད་ཀྱི་བློས་བསླངས་ཤིག་གོ


ཁྱོད་ནི་བདག་གི་རྨི་ལམ་མོ།།

རྨི་ལམ་ནང་གི་སྐར་མའོ།།

སྐར་ཚོགས་ཁྲོད་ཀྱི་སྐར་ཆེན་ནོ།།


ང་ཡི་ཁེར་རྐྱང་ནང་དུ་ཁྱོད་ཀྱི་རྒྱབ་གཟུགས་ལུས་ཡོད།

ང་ཡི་རྨི་ལམ་ནང་དུ་སྐར་མ་ཁོ་ན་ལུས་ཡོད།


བརྩེ་དུང་ནི་ནམ་མཁའ་ནང་བཞིན་རྒྱ་ཆེ་བ་ཞིག་མ་རེད།

བརྩེ་དུང་ནི་རྒྱ་མཚོ་ནང་བཞིན་གཏིང་ཟབ་པ་ཞིག་མ་རེད།

དེ་ལས་ཤིན་ཏུ་ལྡོག་པ་ཞིག་གོ།


མིག་ཟུང་གིས་འོད་སྣང་ལས་མུན་ནག་མཐོང་མི་འདོད་ནའང་།

སྔར་བཞིན་དེ་ཡང་ལྡོག་པའོ།།


ང་ཡི་རྨི་ལམ་ནང་གི་སྐར་མ་ཁྱོད་རང་།

ནམ་མཁའ་འདི་ཡི་འོག་གི་སྐར་མ་རེད་དེ།


རྨི་ལམ་བརྒྱ་སྟོང་ནང་གི་རྨི་ལམ།

རྨི་ལམ་ནང་གི་སྐར་མ།

ཁྱོད་རང་གཏན་བཞུགས་གནང་རོགས།

2022/9/18ཕ་ཡུལ་དུ།

རྩོམ་པ་པོ་ངོ་སྤྲོད།

རྡོ་རྗེ་ཚེ་རིང་ངམ་བྲག་རྡོ། དགུ་བཅུའི་སྟོད་དུ་མཚོ་སྔོན་པོ་རྐང་ཚའི་བྲ་ཚ་ཟེར་བའི་སྡེ་བར་སྐྱེས། སྔ་རྗེས་སློབ་གྲྭ་ཆུང་འབྲིང་འགྲིམས་ཤིང་། 2014ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། «མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཁང་དུ་ལོ་ངོ་དགུ་ལ་རྩོམ་སྒྲིག་པའི་ལས་ཀ་གཉེར། ཞོར་དུ་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་སོགས་གསར་རྩོམ་གྱི་ལས་སུ་འབད་པ་བྱས། «གངས་རྒྱན་མེ་ཏོག»«སྦྲང་ཆར»སོགས་གཞུང་སྒེར་དུས་དེབ་ཏུ་སྙན་ངག་གཙོ་བྱས་བརྩམས་ཆོས་རེ་འགའ་སྤེལ་མྱོང་།