རྡོ་ལ་དཔྱད་དེ་རྡོ་ཆས་གསར་རྙིང་དུས་ཀྱི་རིག་གནས་དར། །རྡོ་ལ་དཔགས་ཏེ་འགྲོ་བ་མི་ཡི་ལོ་རྒྱུས་འཕེལ་རིམ་རྟོགས། །

སྐལ་བཟང་ཐུབ་བསྟན་གྱིས་བྲིས།

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་གི་ཕན་རོགས་གནའ་ཤུལ་གསར་དུ་རྙེད་པའི་གནས་ཚུལ་རགས་བཀོད།

སྤྱི་ལོ2021ལོའི་ཟླ་བ9པའི་ཚེས27ཉིན་ལ། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ལས་གཞི་གལ་ཆེན་གྱི་འཕེལ་རིམ་ལས་དོན་གྲོས་ཚོགས་འཚོགས་ཏེ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་བཅིངས་འགྲོལ་གྲོང་རྡལ་ཕན་རོགས་གྲོང་སྡེར་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི100ཡས་མས་ཡོད་པའི་རྡོ་ཆས་རྙིང་པའི་གནའ་ཤུལ་ཞིག་རྙེད་པ་རེད།

ཕན་རོགས་གནའ་ཤུལ་ནི་ད་སྔའི་བར་མདོ་དབུས་མཐོ་སྒང་དུ་རྙེད་པའི་རྒྱ་ཁྱོན་ཆེས་ཆེ་བ་དང་། ས་རིམ་གནས་སྟངས་ཆེས་ཡག་པ། ས་རིམ་ཕུང་གཟུགས་མུར་འབྲེལ་བ། རིག་གནས་ཀྱི་རིགས་སྣ་མང་ཕུན་སུམ་ཚོགས་པ་བཅས་ཡིན་པའི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་ཤུལ་ཆེ་གྲས་ཤིག་ཡིན་པ་རེད།

2021ལོའི་ཟླ་བ4པར། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་པེ་ཅིང་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་བྱས་ནས་གནའ་རྫས་རྟོག་ཞིབ་རུ་ཁག་བཙུགས་ཏེ་ཕན་རོགས་གནའ་ཤུལ་སྔོག་འདོན་བྱེད་མགོ་བཙུགས་པ་དང་། གནའ་ཤུལ་དེ་ཉིད་ལས་ལྷག་གསར་དུས་བསྐལ་ལམ་བྲུག་ཕུང་དུས་བསྐལ་བར་མའི་མཇུག་ནས་ལྷག་གསར་དུས་བསྐལ་ལམ་བྲུག་ཕུང་དུས་བསྐལ་ཕྱི་མ་ནས་བཟུང་པའི་མུ་ནས་མུ་རུ་འབྲེལ་བའི་ས་རིམ་ཕུང་གཟུགས་དང་རིག་གནས་རིམ་པ་གསལ་རྗེན་དུ་མངོན་ཡོད་ཅིང་། ད་ལྟའི་བར་ལོ་ཁྲི13ལས་མི་ཉུང་བ་དང་། རིག་གནས་ཀྱི་མུར་འབྲེལ་རིམ་པ7གྱི་ནང་ནས་རྡོ་བཟོས་ཐོན་རྫས6000ལྷག་ཐོན་ཞིང་། རྡོ་གསེག་རྡོ་ཆས་ནས་ལག་སྟ་ཚན་བསྡེབས་དང་། དེ་ནས་རྡོ་ལྷེབ་རྡོ་ཆས་བར་བཅས་ཀྱི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་རིག་གནས་གོང་འཕེལ་རིམ་གྲལ་ཡོངས་སུ་མངོན་ཡོད།

གསར་རྙེད་གལ་ཆེན་འདི་དག་གིས་ས་གནས་དེ་ག་དང་ཡང་སྒོས་སུ་མདོ་དབུས་མཐོ་སྒང་གི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་སྟོང་ཆ་ཞིག་བསྐངས་ཡོད་ཅིང་། འགྲོ་བ་མི་སྔ་མས་མདོ་དབུས་མཐོ་སྒང་གསར་འབྱེད་བྱས་པའི་བརྒྱུད་རིམ་དང་། འགྲོ་བ་མི་སྔ་མའི་མཚོ་འཕགས་མཐོ་བའི་ཁོར་ཡུག་ལ་འཕྲོད་པའི་ནུས་པ། ཨེ་ཤ་ཡ་ཤར་མའི་ལག་སྟའི་ཁྱབ་ཚུལ་དང་འབྱུང་ཁུངས་འཚོལ་ཞིབ། དེ་བཞིན་ཤར་ནུབ་ཀྱི་མི་ཚོགས་གནས་སྤོ་དང་རིག་གནས་སྤེལ་རེས་བཅས་ཀྱི་རིག་གཞུང་གནད་དོན་གལ་ཆེན་ཞིབ་འཇུག་བྱེད་པར་སྐུལ་འདེད་ཤུགས་ཆེན་ཐེབས་ཐུབ་པ་དང་། འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་གནའ་བའི་རྒྱུད་ཁོངས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཧྭ་ཞའི་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་འབྱུང་རྩ་ཕུགས་འདེད་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།

གནའ་ཤུལ་ནས་གསར་དུ་ཐོན་པའི་ལག་སྟ་དེ་ལས་རིག་གནས་སྔོན་ཐོན་དང་རྗེས་ལུས་ཀྱི་བཅད་མཚམས་ཡོངས་སུ་བསུབས་ཡོད་པར་ཤེས།

རྡོ་ཆས་ནི་འགྲོ་བ་མི་སྔ་མའི་ཐོན་སྐྱེད་ཀྱི་རྒྱུ་ཆ་ཉག་ཅིག་ཡིན་ཞིང་། ལག་སྟ་ནི་རྡོ་ཆས་རྙིང་པའི་དུས་རབས་སུ་འགྲོ་བ་མི་སྔ་མས་བཟོས་ནས་བེད་སྤྱོད་བྱས་པའི་ཡོ་བྱད་གལ་ཆེན་ཞིག་ཡིན་ལ། འགྲོ་བ་མིའི་ལོ་རྒྱུས་ཐོག་ཏུ་དབྱིབས་སུ་གྲུབ་པའི་ཡོ་བྱད་ཐོག་མ་ཡང་ཡིན། དེ་ལ་དོ་སྙོམས་ཅན་དང་ནུས་མང་ཅན་གྱི་ཁྱད་ཆོས་ཡོད་ཅིང་རྔོན་དང་བཅད་གཏུབ་སོགས་ལ་མཁོ། རྡོ་ཆས་རྙིང་པའི་གནའ་རྫས་རྟོག་ཞིབ་རིག་པའི་ཐད་ལ་རྡོ་ཆས་ཀྱི་ལག་རྩལ་ལ་གཞིགས་ནས་རིག་གནས་ཀྱི་དུས་རིམ་ལྔ་རུ་ཕྱེ་ཡོད་པ་སྟེ། རྡོ་གསེག་གམ་རྡོ་ལྷེབ་བྱུང་བའི་ཨའོ་ཏུའུ་ཝེ་རིག་གནས་དུས་རིམ་དང་ལག་སྟ་སོགས་བྱུང་བའི་ཨ་སེ་ལིའི་རིག་གནས། རྡོ་བཟོ་ལག་རྩལ་བྱུང་བའི་མའོ་སི་ཐེ་རིག་གནས། དེ་བཞིན་རྡོ་འདབ་བཟོ་བ་དང་། རྡོ་འདབ་ཕྲ་མོ་བཟོ་བའི་རིག་གནས་དུས་རིམ་བཅས་སོ། །ཨ་སེ་ལིའི་རིག་གནས་དུས་རིམ་གྱི་མཚོན་བྱེད་དུ་གྱུར་པའི་རྡོ་ཆས་ཀྱི་ཡ་གྱལ་ཞིག་ནི་ལག་སྟ་ཡིན་ཞིང་། དེའི་གཡས་གཡོན་གྱི་ངོགས་གཉིས་སམ་མདུན་རྒྱབ་ཕལ་ཆེར་དོ་སྙོམས་ཡིན་པས་འགྲོ་བ་མིའི་ལོ་རྒྱུས་ཐོག་ལ་སྤྱི་ཁྱབ་ཏུ་ཁས་ལེན་བྱས་པའི་བཟོ་སྣོན་ཚད་དང་ལྡན་པའི་ཡོ་བྱད་ཅིག་ཏུ་བརྩིས་པ་དང་། གནའ་བོའི་འགྲོ་བ་མི་ལངས་ཚུགས་ཟིན་པ་རུ་འཕེལ་འགྱུར་འབྱུང་བའི་དུས་སྐབས་ཀྱི་རྡོ་ཆས་བཟོ་སྣོན་ལག་རྩལ་ཆེས་མཐོ་ཤོས་ཀྱི་མཚོན་བྱེད་ཀྱང་ཡིན། ཨ་སེ་ལིའི་རིག་གནས་དེ་སྐབས་ཤིག་ལ་མི་རྒྱུད་བཟང་ངན་གྱི་གཞི་འཛིན་ས་ཞིག་ཏུ་གྱུར་ཡོད།

དུས་རབས་གོང་མའི་ལོ་རབས40ཡི་སྐབས་སུ། ཧ་ཧྥུ་སློབ་ཆེན་གྱི་འགྲོ་བ་མིའི་རིག་པ་བ་མའོ་ཝེ་སི་ཡིས་རྡོ་ཆས་རྙིང་པའི་དུས་རབས་སུ་དབྱིན་གོའི་བྱང་དབུས་རྒྱུད་ནས་ཧི་མ་ལ་ཡའི་རི་རྒྱུད། རྒྱ་གར་ཁོངས་ལེབ་ཀྱི་ཉེ་འགྲམ་བར་རིག་གནས་ཀྱི་བཅད་མཚམས་ཤིག་བཟོས་པ་སྟེ། བཅད་མཚམས་དེའི་ལྷོ་ནུབ་ས་ཁུལ་ནི་ནུབ་ཕྱོགས་ཀྱི་ལག་སྟ་རིག་གནས་སྲོལ་རྒྱུན་གྱིས་མཚོན་བྱེད་དུ་བྱས་པའི་འགྲོ་བ་མིའི་རིག་གནས་སྔ་མའི་སྔོན་ཐོན་ས་ཁུལ་ཡིན་པ་དང་། བཅད་མཚམས་དེའི་ཤར་ཕྱོགས་སུ་གནས་པའི་ཀྲུང་གོ་སོགས་ས་ཁུལ་ནི་བཅད་གཏུབ་ཀྱི་ཆས་བཟོས་པའི་སྲོལ་རྒྱུན་གྱིས་ཁྱད་ཆོས་སུ་བྱས་པའི་རིག་གནས་རྗེས་ལུས་ཀྱི་མཐའ་ཛར་ས་ཁུལ་དུ་བགོས་ཤིང་། རྒྱུ་མཚན་ཡང་ལག་སྟ་སོགས་རྡོ་ཆས་དང་ལག་རྩལ་ཞིབ་ཕྲ་ཡོད་མེད་ལ་ཐུག་ཡོད། ཕྱིས་སུ་མི་རྣམས་ཀྱིས་རིག་གནས་བཅད་མཚམས་འདི་ལ་མའོ་ཝེ་སིའི་བཅད་མཚམས་ཞེས་མིང་བཏགས་ཡོད། ནུབ་ཕྱོགས་གནའ་རྫས་རྟོག་ཞིབ་རིག་པའི་ལས་རིགས་སུ་མའོ་ཝེ་སིའི་བཅད་མཚམས་ཞེས་པ་དེ་ཚད་གཞི་ཞིག་ཏུ་བརྩིས་ཡོད་པ་རེད།

ཕན་རོགས་གནའ་ཤུལ་གྱི་ཆེད་རམས་པའི་བགྲོ་གླེང་གྲོས་ཚོགས་སུ་ཀྲུང་གོའི་རྡོ་ཆས་རྙིང་པའི་གནའ་རྫས་རྟོག་ཞིབ་ཆེད་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀའོ་ཞིང་གིས་ངས་བལྟས་ན་མའོ་ཝེ་སིའི་བཅད་མཚམས་ཞེས་པ་དེ་བསུབ་ཆོག་ས་རེད་ཅེས་འཛེམས་མེད་དུ་བཤད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འདི་ཤས་རིང་ལ། རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་མི་སྣས་པེ་སེ་དང་ལུའོ་ནན་སོགས་ས་ཆར་ལག་སྟའི་མ་ལག་གསར་དུ་རྙེད་ཡོད་ལ། གྲངས་འབོར་ཅུང་ཉུང་བར་ཕུད་ལག་རྩལ་ཐད་ནས་བཤད་ན་ནུབ་ཕྱོགས་དང་ཡང་མི་འདྲ་བ་རེད། ཡིན་ན་ཡང་ཕན་རོགས་གནའ་ཤུལ་ནས་རྙེད་པའི་ལག་སྟའི་ངོས་གཉིས་སྙོམས་སྲབ་ཅན་དུ་བཟོ་སྣོན་བྱས་ཡོད་ཅིང་། ཀྲུང་གོ་དང་ཐ་ན་ཨེ་ཤ་ཡའི་ཤར་རྒྱུད་དུ་རྙེད་པའི་དཔེ་མཚོན་ཆེས་ཆེ་བ་དང་། བཟོ་སྟངས་ཆེས་ལེགས་པ། ཚན་བསྡེབས་ཆེས་འཐུས་ཚང་བ། ལག་རྩལ་ཆེས་བྱང་ཆུབ་པ་བཅས་ཀྱི་མ་ལག་ཅིག་ཡིན་པར་བརྟེན། ནུབ་ཕྱོགས་ཀྱི་དུས་ཕྱིས་ཀྱི་ཨ་སེ་ལིའི་ཤུལ་ཐོན་གནའ་རྫས་ཀྱི་དོ་ཟླ་རུ་འོས་ངེས་ལ། དེ་ལས་མའོ་ཝེ་སིའི་བཅད་མཚམས་ཞེས་པའི་རྩོད་གཞི་གནད་དོན་དེ་རྦད་དེ་ཐག་གཅོད་ཐུབ་ནས། རྡོ་ཆས་རྙིང་བའི་དུས་རབས་ཀྱི་ཤར་ནུབ་རིག་གནས་སྤེལ་རེས་དང་ས་ཆ་མི་འདྲ་བའི་མི་ཚོགས་ཀྱི་འབྲེལ་བ་ཞིབ་འཇུག་དང་ངོས་འཛིན་བྱེད་པར་བདེན་དཔང་དང་ཆ་འཕྲིན་རྩ་ཆེ་བ་དང་གནད་འགག་ཆེ་བ་མཁོ་སྤྲོད་བྱས་ཡོད།

ཕན་རོགས་གནའ་ཤུལ་དུ་ཨ་སེ་ལིའི་རིག་གནས་ལག་རྩལ་མངོན་པའི་ཤུལ་རྫས་རྙེད་པ་ལས་མའོ་ཝེ་སིའི་རིག་གནས་བཅད་མཚམས་ཞེས་པ་དེ་རྗེས་མེད་དུ་བསུབས་ཐུབ་ཡོད་པ་བདེན་དཔང་ཐུབ་པ་དང་། རྩོད་གླེང་ཡུན་རིང་པོ་དེ་ལ་རྫོགས་ཚིག་ཀྱང་བཀོད་ཡོད་ཅེས་བགྲོ་གླེང་གྲོས་ཚོགས་སུ་ཞུགས་པའི་ཀའོ་ཞིང་སོགས་ཆེད་རམས་པ་ཚོས་མགྲིན་གཅིག་ཏུ་དེ་ལྟར་བཤད་པ་རེད།

ས་ཁོངས་ཀྱི་རྡོ་ཆས་རྙིང་པའི་རིག་གནས་རིམ་གྲལ་བཀོད་པ་ལས། འགྲོ་བ་མི་སྔ་མས་མདོ་དབུས་མཐོ་སྒང་བཏུལ་བའི་ལོ་རྒྱུས་འཕེལ་རིམ་བསྟན་ཡོད།

ཆེད་རམས་པས་ངོ་སྤྲོད་བྱས་པར་གཞིགས་ན། ཕན་རོགས་གནའ་ཤུལ་དུ་རྡོ་གསེག་རྡོ་ཆས་ཚན་བསྡེབས་ནས་ཨ་སེ་ལིའི་ལག་རྩལ་མ་ལག། དེ་ནས་རྡོ་ལྷེབ་རྡོ་ཆས་ཀྱི་མ་ལག་བཅས་རྡོ་ཆས་རྙིང་པའི་དུས་རབས་ཀྱི་རིག་གནས་འཕེལ་རྒྱས་བརྒྱུད་རིམ་སྲུང་ཉར་འཐུས་ཚང་བ་དང་རྒྱུད་རིམ་ལྡན་པའི་སྒོ་ནས་བསྟན་ཡོད་པ་དང་། སི་ཁྲོན་དང་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གཅིག་ཏུ་སྦྲེལ་ཞིང་རྡོ་ཆས་རྙིང་པའི་དུས་རབས་ཀྱི་མཚོན་རྟགས་རང་བཞིན་ཡོད་པའི་དུས་རིམ་ཆེད་བཀར་ནང་གི་རིག་གནས་རིམ་གྲལ་ཞིག་ཐོག་མར་བཀོད་ཡོད།

ན་ལོའི་ཟླ་བ10པའི་ཟླ་མཇུག་ལ། ཞིང་ཆེན་གནའ་རྫས་རྟོག་ཞིབ་གླིང་གིས་འདབ་པ་རྫོང་དུ་བརྟག་དཔྱད་དང་རྩད་ཞིབ་སྔར་ལས་ལྷག་པ་བྱས་ཡོད་ཅིང་། ད་ལོའི་སྤྱི་ཟླ4པའི་ཟླ་མཇུག་ཏུ། ཞིང་ཆེན་གནའ་རྫས་རྟོག་ཞིབ་གླིང་གིས་པེ་ཅིང་སློབ་ཆེན་གནའ་རྫས་རྟོག་ཞིབ་དང་རིག་གནས་དངོས་མང་བཤམ་སྟོན་གླིང་དང་མཉམ་འབྲེལ་བྱས་ནས་སྔོག་འདོན་ལས་དོན་སྤེལ་ནས་གསར་རྙེད་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོད། སྔོག་འདོན་ར་བའི་ནང་དུ་ས་རིམ་སྨི་གཉིས་ལྷག་ཡོད་པའི་ངོས་སུ་སྐྱ་སེར་དམར་གསུམ་གཙོས་པའི་ཁ་དོག་གསལ་པོར་མཐོང་རྒྱུ་ཡོད།

སི་ཁྲོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་གླིང་རྡོ་ཆས་རྙིང་པའི་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀྲེན་ཅེ་ཞན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ས་རིམ་མི་འདྲ་བའི་ལྟོས་བཅས་ཀྱི་དུས་ཚོད་ནི་ལོ་ཁྲི་ཡིས་བརྩི་དགོས་ཀྱི་ཡོད་ལ། ས་རིམ་ཆེས་སྟེང་མ་དེ་ཡིན་ན་ཡང་ད་ལྟའི་བར་མ་མཐའ་ཡང་ལོ་ཁྲི13ཡན་ཡོད་པ་རེད། དུས་རིམ་མི་འདྲ་བའི་ས་རིམ་འདི་ཀུན་ལ་རྡོ་ཆས་ཐོན་ཡོད་པ་སྟེ།

ས་རིམ་དང་པོའི་མན་ལ་རྡོ་སྙིང་དང་བཅད་གཏུབ་ཡོ་བྱད། གཞོག་ཆས་ཆེ་རིགས་སོགས་རྡོ་གསེག་རྡོ་ཆས་ཀྱི་ཚན་པ་མང་པོ་བསྡེབས་ཡོད། ས་རིམ་གསུམ་པར་ལག་སྟ་དང་སྟ་རེ་རྣོ་སྲབ་ཅན་སོགས་ཨ་སེ་ལིའི་བཟོ་ལས་རྡོ་ཆས་ཐོན་ཡོད། ས་རིམ་གཉིས་པའི་རྡོ་བཟོས་ཐོན་རྫས་ཀྱི་རིགས་ལ་གཉིས་ཡོད་དེ། གཅིག་ནི་དཀར་གོང་གི་རྡོ་ལྷེབ་ཆུང་རིགས་དང་གཉིས་ནི་དཀར་གོང་གི་རྡོ་ངོས་གཉིས་མ་ཡིན། རིག་གནས་ཀྱི་རིམ་གྲམ་མི་འདྲ་བའི་ངོས་སུ་འགྲོ་བ་མི་སྔ་མའི་བྱ་འགུལ་སྤེལ་ཚུལ་མཐོང་ཐུབ་ཅིང་། མི་ཡིས་མེ་སྤྱད་པ་དང་རྡོ་ཆས་བཟོ་སྣོན་གྱི་ཤུལ་ཀྱང་ཡོད།

ཟླ་བ5ལྷག་རིང་ལ་ཐང་རྒོད་སྔོག་པ་དང་ས་ངོས་ཀྱི་ཤུལ་དངོས་ལ་རྒྱུད་རིམ་ལྡན་པས་འཚོལ་སྡུད་བྱས་རྗེས། གནའ་རྫས་རྟོག་ཞིབ་རུ་ཁག་གིས་འགྲོ་བ་མིའི་བྱ་འགུལ་མཚོན་ངོས་དང་མེ་སྤྱད་པ་དང་། རྡོ་ཆས་བཟོ་བའི་རྗེས་ཤུལ་སྣ་མང་བསྟན་པ་དང་། རྡོ་ཆས་ཐོན་རྫས་ཁྲི་ལྷག་རྙེད་པ་རེད། གནའ་ཤུལ་ཧྲིལ་པོ་ལས་རྡོ་གསེག་རྡོ་ཆས་ནས་ལག་སྟ་རྡོ་ཆས། དེ་ནས་རྡོ་ལྷེབ་རྡོ་ཆས་བཅས་ཀྱི་རྡོ་ཆས་རྙིང་པའི་རིག་གནས་ཀྱི་འཕེལ་རྒྱས་རིམ་གྲལ་ཚ་ཚང་བའི་སྒོ་ནས་བསྟན་ཡོད།

ཆེད་རམས་པས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱིར་བཏང་གི་གནས་ཚུལ་འོག་ཏུ། མཐོ་སྒང་གི་གཞོག་བསླད་ཤོར་བའི་ས་བབ་ཏུ་ས་རིམ་གྱི་ཕུང་གཟུགས་ཆགས་པར་དཀའ། མདོ་དབུས་མཐོ་སྒང་དུ་རྙེད་པའི་གནའ་ཤུལ་ལ་མཚོན་ནས་བཤད་ན་ཡང་ཕལ་ཆེར་ལ་ས་རིམ་མེད་པ་དང་ཡོད་ན་ཡང་ས་རིམ་གཅིག་ནས་གཉིས་ལས་མེད། ཕན་རོགས་གནའ་ཤུལ་ལ་འདི་འདྲའི་རིག་གནས་ཀྱི་རིམ་པ་བདུན་མུར་འབྲེལ་གནས་པ་ནི་ཧ་ཅང་དཀོན་པོ་ཞིག་ཡིན་ཞིང་། གནའ་རྫས་རྟོག་ཞིབ་རིག་པའི་ཆ་ནས་བཤད་ན་ཧ་ཅང་རྩ་ཆེན་ཡིན་པར་མ་ཟད། ས་གཤིས་རིག་པའི་སློབ་ཚན་ཞིབ་འཇུག་གི་ཐད་ལ་ཡིན་ན་ཡང་དོན་སྙིང་ཆེན་པོ་ལྡན་ཡོད།

དེས་ན་རྡོ་གསེག་རྡོ་ཆས་ཚན་བསྡེབས་ནས་ཨ་སེ་ལིའི་ལག་རྩལ་མ་ལག། དེ་ནས་རྡོ་ལྷེབ་རྡོ་ཆས་ཀྱི་མ་ལག་བཅས་མུར་འབྲེལ་ཅན་གྱི་རིག་གནས་བྱུང་བ་ལས་ཡང་སྙིང་ཅི་ཞིག་མཚོན་ཐུབ་ཀྱི་ཡོད་པ་རེད་ཟེར་ན། ཀྲེན་ཅེ་ཞན་གྱིས་ངོ་སྤྲོད་འདི་ལྟར་བྱས་པ་སྟེ། རྡོ་ཆས་མི་འདྲ་བ་ཚན་བསྡེབས་ལས་དེ་དག་ནི་མི་ཚོགས་མི་འདྲ་བས་བཟོས་པ་ཡིན་པའམ་མིའི་ཚོགས་པ་གཅིག་གིས་འཚོ་སྡོད་ཁོར་ཡུག་འཕོ་འགྱུར་བྱུང་བར་འཕྲོད་པའི་ཆེད་དུ་ལག་རྩལ་གྱི་འཕྲོད་ཐབས་ཤིག་བྱས་པ་ཡིན་པ་གསལ་བཤད་བྱེད་ཐུབ་ཅིང་། དེ་དང་ཆབས་ཅིག་ལོ་ཁྲི10ལྷག་སྔོན་དུ་གནའ་བོའི་འགྲོ་བ་མི་ས་འདིར་འགུལ་སྤྱོད་རྒྱུན་རིང་ཞིང་གྲངས་མང་བ་བྱས་ཡོད་པ་ཡང་མཚོན་ཐུབ།གནས་གཅིག་ཏུ་འགྲོ་བ་མིའི་རིགས་ཀྱི་རིག་གནས་དུས་རིམ་གསུམ་རྙེད་པ་ནི་འཛམ་གླིང་འདིར་ཧ་ཅང་དཀོན་པོ་རེད། འཕེལ་རིམ་གསུམ་གྱིས་རིག་གནས་ཀྱི་འཕོ་འགྱུར་མཚོན་ཡོད་ཅིང་། འགྲོ་བ་མིས་མཐོ་སྒང་བཏུལ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་གསལ་པོར་མངོན་ཐུབ། ལྷག་པར་དུ་ས་རིམ་གྱི་ཕུང་གཟུགས་མུར་འབྲེལ་ཡིན་ཞིང་སྦས་པའི་ཆ་རྐྱེན་འཐུས་ཚང་བ། རྡོ་ཆས་ལག་རྩལ་གྱི་འཕོ་འགྱུར་རིམ་གྲལ་གསལ་པོ་ཡོད་པ་བཅས་ལས་འགྲོ་བ་མི་སྔ་མས་མཐོ་སྒང་གི་ས་བབ་མཐོ་བའི་ཁོར་ཡུག་ཐལ་དྲགས་བཏུལ་བའི་ནུས་པ་དང་བྱེད་ཐབས། དེ་བཞིན་ལོ་རྒྱུས་ཀྱི་འཕེལ་རིམ་བཅས་མངོན་པར་བྱས་ཡོད། ས་གནས་དེ་གའི་གནའ་བོའི་ཁོར་ཡུལ་འགྱུར་ལྡོག་དང་འགྲོ་བ་མིས་དེར་བསྟུན་གྱིས་འཕྲོད་ཐབས་བྱས་པའི་འབྲེལ་བའི་སྐྱེ་ཁམས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་ལོ་རབས་རིག་པའི་ཚད་གཞི་ཞིག་མཁོ་འདོན་བྱས་ཡོད་དོ། །

ཕན་རོགས་གནའ་ཤུལ་དེ་འདབ་པ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཡོང་བའི་སྒུལ་ཤུགས་སུ་གྱུར།

ཕན་རོགས་གནའ་ཤུལ་དེ་འཛམ་གླིང་གི་འགྲོ་བ་མིའི་མིག་ལམ་དུ་མངོན་པ་ལས་གནའ་བོའི་རིག་གནས་དེ་ཡང་འདབ་པ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལྟ་ཡུལ་ཆེན་པོ་ཞིག་ཏུ་འགྱུར་བ་ནི་བཤད་མ་དགོས་པ་ཞིག་རེད། འདབ་པ་རྫོང་གིས་ད་ལྟ་ཕན་རོགས་གནའ་ཤུལ་གླིང་ག་དང་ཕན་རོགས་གནའ་ཤུལ་དངོས་མང་བཤམ་སྟོན་ཁང་འཛུགས་པའི་གྲ་སྒྲིག་ཧུར་ཐག་བྱེད་སྒང་ཡིན་ཞིང་། རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ད་ཆར་ཇུས་འགོད་ཆེད་རམས་པ་གདན་འདྲེན་ཞུས་ནས་འཛུགས་སྐྲུན་འཆར་འགོད་བྱེད་བཞིན་ཡོད། རྫོང་འགྲེམ་སྟོན་ཁང་དེ་གནས་སྐབས་སུ་ཕན་རོགས་གནའ་ཤུལ་ལས་ཐོན་པའི་རྡོ་ཆས་རྙིང་པའི་རིག་དངོས་འགྲེམ་སྟོན་ཁང་དུ་བསྒྱུར་ཏེ། གནའ་ཤུལ་ཁྲོད་ནས་རྙེད་པའི་རྡོ་ཆས་རྩ་ཆེན་འགྲེམ་སྟོན་བྱ་རྒྱུ་རེད།

འདབ་པ་རྫོང་ནི་ཀྲུང་གོའི་ཤམ་བྷ་ལ་ཆེན་མོའི་ཡུལ་སྐོར་ས་ཁུལ་གྱི་དབུས་སུ་གནས་ཤིང་། མངའ་ཁོངས་ཀྱི་མཚོ་འཕགས་མཐོ་དམན་གྱི་ཧེ་བག་ཆེ་ཞིང་གནམ་གཤིས་སྣ་མང་མངོན་གསལ་འཛོམས་པ་དང་། ས་ཁམས་གནས་སྟངས་དང་གནམ་གཤིས་ཀྱི་ཁྱད་ཆོས་ལ་ས་བབ་ཆགས་ཚུལ་རྙོག་འཛིང་ཆེ་ཞིང་མང་བ་དང་། གདོད་མའི་རང་བྱུང་གི་མཛེས་ལྗོངས་རིམ་པ་མང་པོ་ཆགས་ཡོད་པར་བརྟེན། གདོད་མའི་ཁྱད་འཕགས་རང་བཞིན་ཅན་གྱི་ས་ཁོངས་རིག་གནས་དང་ཁྱད་ཆོས་མངོན་པར་གསལ་བའི་མི་རིག་མཛེས་ལྗོངས་ཀྱང་གྲུབ་ཡོད། ཉི་སྟེན་དང་། མཚོ་ལ། འོད་འཕྲོ་རི། སྤང་དམར་ཐང་སོགས་མཚོན་བྱེད་དུ་གྱུར་པའི་རང་བྱུང་མཛེས་ལྗོངས་འཛམ་བུ་གླིང་ན་སྙན་པའི་གྲགས་པ་འབར། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་གོས་རྒྱན་རིག་གནས། གླུ་བྲོའི་རིག་གནས། གནས་ཚང་རིག་གནས། རྫ་བཟོའི་རིག་གནས་སོགས་ལས་གྲུབ་པའི་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ཀུན་ལ་གནའ་ཉམས་ཀྱིས་ཕྱུག་ཅིང་དོན་སྙིང་ཕུན་སུམ་ཚོགས་པར་གནས། ད་སྔའི་བར་རྒྱ་ཁྱོན་ཆེས་ཆེ་བ་དང་། ས་རིམ་གྱི་ཕུང་གཟུགས་མུར་འབྲེལ་ཡིན་པ། རིག་གནས་ཀྱི་རིགས་ཆེས་ཕུན་སུམ་ཚོགས་པའི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་ཤུལ་ཏེ་ཕན་རོགས་གནའ་ཤུལ་ཁྱད་དུ་འཕགས་པ་དེ་རྙེད་ཡོད་པས། རྫོང་གི་བྱང་རྒྱུད་དུ་གནམ་རིག་གླིང་ག་ཡོད་ཅིང་། ལྷོ་རྒྱུད་དུ་མཛེས་སྡུག་ཡིད་དབང་འཕྲོག་པའི་ཉི་སྟེན་ལྗོངས་ཁུལ་ཡོད་ལ། ཤར་རྒྱུད་དུ་གནའ་བོའི་རིག་གནས་འཚོལ་སྙེག་བྱེད་སར་ཡོད་པ་སྟེ་ལྟ་ས་ལྟ་ཡུལ་ཆེན་པོ་གསུམ་འཛོམས་གྱི་བཀོད་བབ་ཅིག་ཆགས་ཡོད། དེ་དག་གིས་འདབ་པ་རྫོང་གི་རིག་གནས་ཡུལ་སྐོར་ཚད་གཞི་མཐོན་པོའི་ངང་ནས་གོང་འཕེལ་གཏོང་བར་རོགས་དན་བྱ་ཐུབ་ངེས་རེད།

ཕན་རོགས་གནའ་ཤུལ་གྱི་སྐད་གྲགས་ཇེ་ཆེར་འགྲོ་བ་དང་བསྟུན་ནས། འདབ་པ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཞིང་ཆེན་ཡོངས་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་ཚད་དཔོག་ལ་དམིགས་ནས། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱེད་ས་བསྐྲུན་པའི་དམིགས་འབེན་དམ་པོར་བཟུང་ཞིང་། སི་ཁྲོན་གྱི་ཡུལ་སྐོར་བྱེད་ས་རྫོང་གྲགས་ཅན་གསར་འཛུགས་བྱ་རྒྱུ་དེས་གཞི་འཛིན་སར་བྱེད་པ་དང་། ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་སྐུལ་སྤེལ་གཏོང་བ་དང་། ཞིང་ལས་དང་ཡུལ་སྐོར་ཟུང་དུ་སྦྲེལ་བ། ཚོང་ལས་དང་ཡུལ་སྐོར་ཟུང་དུ་སྦྲེལ་བ། རིག་གནས་དང་ཡུལ་སྐོར་ཟུང་དུ་སྦྲེལ་བ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། ལྷོ་རྒྱུད་རང་བྱུང་སྐྱེ་ཁམས་ཡུལ་སྐོར་བྱེད་ས་དང་བྱང་རྒྱུད་གནམ་རིག་ཚན་རིག་ཁྱབ་གདལ་ཡུལ་སྐོར་བྱེད་ས། མཚོ་ལ་ནས་འོད་འཕྲོ་རིའི་བར་གཅིག་ཏུ་སྦྲེལ་བའི་ཡུལ་སྐོར་མཛེས་ལྗོངས་ཁྱམས་ལམ་བཟོ་བ། དེ་བཞིན་གནས་མང་པོས་འདེགས་བྱེད་ཐུབ་པ་བཅས་ཀྱི་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་བསྐྲུན་རྒྱུ་རེད། 2021ལོའི་ཟླ་བ10པའི་ཚེས8ཉིན་གྱི་བར། འདབ་པ་རྫོང་གིས་འགྲུལ་བ་ཁྲི159.18ལ་སྣེ་ལེན་བྱས་ཡོད་ཅིང་། ན་ལོའི་དུས་མཉམ་ལས་བརྒྱ་ཆ144.89འཕར་ཡོད་ལ། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར17.797རག་ཡོད་ཅིང་། ན་ལོའི་དུས་མཉམ་ལས་བརྒྱ་ཆ152.62འཕར་ཡོད་པ་རེད།

ཡུལ་སྐོར་དང་རིག་གནས་ཟུང་དུ་སྦྲེལ་ནས་རིག་གནས་སྤུས་ལེགས་ཀྱི་ཡུལ་སྐོར་བྱེད་ས་བསྐྲུན་པའི་སྐོར་ལ། ད་ལོའི་ཟླ་བ6པར་མ་དངུལ་སྒོར་དུང་ཕྱུར་བཏང་ནས་མྱོང་རོལ་ཅན་གྱི་ཉེན་ཁར་གདོང་གཏད་པའི་ཟློས་གར་ཆེ་གྲས་ཏེ《ཉི་སྟེན་གྱི་གསང་བ》ཞེས་པ་གསར་དུ་བཟོས་ནས་དབྱར་གནང་གི་ནང་དུ་འགྲུལ་བ་ཚོས་ནུབ་ཟློས་གར་བལྟས་རྗེས། ཞོགས་མཛེས་ལྗོངས་བསྐོར་ཆོག་པའི་ཡུལ་སྐོར་བྱེད་སྟངས་གསར་པ་བཟོས་པ་རེད། དེ་ནས་ཁམས་ཀྱི་དམངས་སྲོལ་དང་འཚོ་བ་བྱེད་སྟངས་སོགས་ཀྱི་གྲུབ་ཆ་ཡང་ཡུལ་སྐོར་མྱོང་རོལ་ཐོན་རྫས་སུ་གསར་འབྱེད་བྱས་པ་དང་བསྟུན་ནས་འདབ་པའི་ཡུལ་སྐོར་གྱི་རྣམ་པ་སྔར་བས་འཁྲུག་ཆ་དོད་ཅིང་། འགྲུལ་བའི་མཉམ་འགུལ་བྱེད་ཤུགས་དང་ཞུགས་ཚད། མྱོང་རོལ་བྱེད་ཤུགས་བཅས་སྔར་བས་ཆེ་རུ་ཕྱིན་ཡོད། མྱོང་རོལ་ལྟེ་གནས་སུ་བོད་ཀྱི་མྱོང་རོལ་ལྟེ་གནས་བཙུགས་ཡོད་ལ། 3Dགློག་བརྙན་ཁང་དང་ཁམས་ཀྱི་བོད་ཀྱི་ཡིག་གཟུགས་ཁང་། ཁམས་ཀྱི་བོད་ཀྱི་ལག་དྲུབ་ཐང་ག་ཁང་། ཁམས་བོད་བཟོ་རྩལ་ཁང་། དབྱར་རྩྭ་དགུན་འབུ་ཁང་སོགས་ཁག་བགོས་ནས་བཙུགས་ཏེ། སྲུང་སྐྱོང་དང་འགྲེམ་སྟོན་བྱེད་པ་དང་ཆབས་ཅིག་རིག་གནས་བརྒྱུད་འཛིན་ཡང་ཐུབ་ཡོད། འཇགས་རྣམ་གྱི་རིག་གནས་གསར་འཆར་ཐོན་ལས་ཕུད། འདབ་པ་རྫོང་དུ་རྫོང་དང་ཁུལ། ཞིང་ཆེན་བཅས་རིམ་པ་མི་འདྲ་བའི་དམངས་སྲོལ་བྱེད་སྒོ་དང་འགྲན་སྡུར་ཆེ་གྲས་རབ་དང་རིམ་པ་ཆགས་ཡོད། ཉི་སྟེན་ལྗོངས་ཁུལ་གྱི་ཉེ་འགྲམ་དུ་གནས་པའི་ཡུལ་ཤོག་དང་གྲོང་རྡལ་གྱི་རིག་རྩལ་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱས་ཏེ་འགྲུལ་བ་ཚོ་དེའི་ཁྲོད་དུ་ཞུགས་པར་བསྐུལ་བའི་ཆེད་དུ། འདབ་པ་རྫོང་གིས་སྒྱུ་རྩལ་ཚོགས་པ་དང་དམངས་ཁྲོད་སྒྱུ་རྩལ་པ་ཟུང་དུ་སྦྲེལ་བའི་རྫོང་རིམ་པའི་སྒྱུ་རྩལ་ཚོགས་པ་བཙུགས་ནས་རིག་གནས་དང་ཟློས་གར་གཞི་རིམ་དུ་སྤེལ་བའི་བྱེད་སྒོ་སྤེལ་ཞིང་ཡུལ་སྡེའི་ཡུལ་སྐོར་དུས་ཆེན་ཆེ་གྲས་བཞི་ཆགས་ཡོད་པ་སྟེ། ཤ་མོ་སྣ་བརྒྱའི་གསོལ་མགྲོན་ཏེ་གསུམ་འདུས་རྒྱང་སྐྱོད་རླངས་འཁོར་འགྲན་སྡུར་དང་། གོས་རྒྱན་འགྲན་སྡུར། དམངས་ཁྲོད་ཀྱི་བཀྲ་ཤིས་བསྟོད་ཚིག་འགྲན་སྡུར། འབུ་ཚང་གི་གདོད་མའི་སྐོར་བྲོ་བཅས་སོ།།

ཡུལ་སྐོར་དང་ཚན་རྩལ་ཟུང་དུ་སྦྲེལ་ཏེ་འཛམ་གླིང་གནམ་རིག་ཡུལ་སྐོར་བྱེད་ས་བསྐྲུན་པའི་ཐད་ལ། འདབ་པ་ཉི་སྟེན་ནས་སྤྱི་ལེ10ཡོད་པའི་གནས་ཏེ་མཚོ་འཕགས་སྨི4410ཡོད་པའི་མཚོ་ལའི་ཐོག་ཏུ་ས་མུའུ2000ཡོད་པའི་འཇིག་རྟེན་འཕྲོ་ཐིག་སྡུད་ལེན་དང་ཞིབ་འཇུག་སྒྲིག་ཆས་ས་ཚུགས་བཙུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་འཕགས་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ས་ཚུགས་དང་། ཉི་རླུང་འཕྲོ་གློག་གཟུགས་འཆར་རྒྱང་ཤེལ། འོད་རིག་དམར་ཕྱིའི་རྒྱང་ཤེལ་ཆེ་གྲས་བཅས་འདབ་པ་རྫོང་དུ་བཙུགས་ཡོད། རིགས་དེ་དང་འདྲ་བའི་ཚན་རིག་སྒྲིག་ཆས་རྒྱལ་ཡོངས་ལ45ཡོད་པའི་ནང་སི་ཁྲོན་ལ9ཡོད་པ་དང་། དེའི་ནང་དུ་འདབ་པ་རྫོང་དུ3ཡོད་པ་རེད། འདབ་པ་རྫོང་གིས་ཐོན་ཁུངས་ཤིན་ཏུ་དཀོན་པོ་འདི་བེད་སྤྱོད་གང་ལེགས་བྱས་ཏེ། ཡུལ་སྐོར་གྱི་ལས་རྣམ་གསར་པ་དང་ཐོན་རྫས་གསར་པ་བསྐྲུན་དང་སྐྲུན་བཞིན་ཡོད།

དེའི་ཁྲོད་ཀྱི་མཚོ་ལའི་མཚོ་འཕགས་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ཚད་ལེན་ས་ཚུགས་དེ་ད་ལོའི་ལོ་མཇུག་ལ་ཡོངས་སུ་འགྲུབ་ཐུབ་རེ་ཡོད།

ཚོད་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར89གཏང་དགོས་པ་དང་ཡུལ་ཤོག5དང་གྲོང་རྡལ2ལ་ཁེབས་ཡོད་པའི་འདབ་པ་རྫོང་གི་གནམ་རིག་དང་འཇིག་རྟེན་རིག་པའི་གཙོ་དོན་གླིང་གའི་ནང་དུ། རང་རྒྱལ་གྱི་གནམ་རིག་ལྟ་ཞིབ་ཚད་ལེན་ཁྱུ་ཚོགས་ཆེན་པོ་ཁོ་ན་དང་འཛམ་གླིང་ན་གནམ་རིག་ཚན་ཞིབ་རྟེན་གཞི་གཞི་ཁྱོན་ཆེས་ཆེ་བ་ཡོད་ལ། མ་དངུལ་བསྡོམས་འབོར་སྒོར་ཁྲི4730ཡིན་པའི་འདབ་པ་རྫོང་གནམ་རིག་ཚན་རྩལ་ཁྱབ་གདལ་ཁང་དང་འདབ་པ་རྫོང་གནམ་རིག་སྐར་ལྟའི་རྟེན་གཞིའི་འཛུགས་སྐྲུན་ལས་གཞིའི་ཇུས་འགོད་དང་སྒྲུབ་འགན་སྤྲོད་པའི་ལས་དོན་ཡང་སྤེལ་མགོ་བཙུགས་ཡོད། གནམ་རིག་གླིང་ག་དེར་འགྲུལ་བ་ཚོས་སྐར་མདའ་དང་དགུ་ཚིགས། ཟླ་བའི་ཐོག་གི་རི་སྒོར་མོ། སའི་གོ་ལའི་བྱང་ཕྱེད་མའི་སྐར་ཁྱིམ་སྣ་ཚོགས། སྐར་མ་དང་སྤྲིན་རིས་ངོ་མཚར་ཅན་སོགས་ལ་ལྟ་ཆོག།

འདབ་པ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་འགྱུར་མེད་ཀྱིས་འདབ་པ་རྫོང་ལ་མཚོ་འཕགས་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ཚད་ལེན་སོགས་ཚན་རིག་ཆེན་པོའི་སྒྲིག་ཆས་ཡོད་པས་འཛམ་གླིང་རིམ་པའི་གནམ་རིག་ཡུལ་སྐོར་བྱེད་ས་བསྐྲུན་པའི་མི་མངོན་པའི་གཏིང་ཤུགས་ཡོད་ཅེས་བཤད་པ་རེད།

ཡུལ་སྐོར་དང་སྐྱེ་ཁམས་ཟུང་དུ་སྦྲེལ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་བསྐྲུན་པའི་ཐད་ལ། 2016ལོ་ནས་བཟུང་། འདབ་པ་རྫོང་གིས་སྐྱེ་ཁམས་བཅོས་སྐྱོང་ལས་ཇུས་ལག་ལེན་བསྟར་བའི་གོ་སྐབས་དང་བསྟུན་ནས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་དབུལ་ཐར་འགག་སྒྲོལ་སོགས་ཞིང་ལས་དང་ཡུལ་སྐོར་དང་འབྲེལ་བའི་མ་དངུལ་བསྡེབས་བསྒྲིལ་བྱས་ཏེ། བྱེར་འགྱུར་རྩྭ་ཐང་དུ་སྐལ་བཟང་མེ་ཏོག་གཞི་ཁྱོན་ཆེན་པོ་འདེབས་འཛུགས་བྱས་ནས་བྱེར་འགྱུར་ས་མུའུ1599དེ་མེ་ཏོག་གི་རྒྱ་མཚོ་རུ་བསྒྱུར་ཡོད། སྟོན་ཟླ9པར། སྐལ་བཟང་མེ་ཏོག་ཡོངས་སུ་བཞད་པའི་ཚེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲུལ་བ་ཚོ་བུང་བའི་ཚོགས་བཞིན་ས་གནས་དེར་འཁོར་དང་འཁོར་བཞིན་ཡོད།

ཉེ་བའི་ལོ་ཤས་རིང་ལ། འདབ་པ་རྫོང་གིས་རི་རྩྭ་ནགས་མཚེའུ་སོགས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པར་དམིགས་ནས་ས་ཁོངས་ཡོངས་སུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། རིར་ཤིང་འཛུགས་པ་དང་ལམ་ཁར་མེ་ཏོག་འདེབས་པ། ཆུ་བོ་མཚེའུ་རུ་བསྒྱུར་བ་བཅས་ཀྱི་བྱ་སྤྱོད་ཧུར་ཐག་སྤེལ་ནས་སྐྱེ་ཁམས་ནགས་ཚལ་དང་མཛེས་ལྗོངས་ནགས་ཚལ། དཔལ་འབྱོར་ནགས་ཚལ་འབོར་ཆེན་བསྐྲུན་ཡོད། ཉི་སྟེན་གནམ་ཐང་ནས་ཤམ་བྷ་ལའི་གྲོང་རྡལ་བར་གྱི་མཛེས་ལྗོངས་ལམ་ཆེན་སྤྱི་ལེ་བརྒྱ་བསྐྲུན་པ་བཅས་བྱས་ཏེ། སྐྱེ་ཁམས་ཀྱི་ཕན་འབྲས་དང་ཡུལ་སྐོར་གྱི་ཕན་འབྲས། དམངས་འཚོའི་ཕན་འབྲས་བཅས་ཟླ་བསྒྲིལ་ཡོང་བར་སྐུལ་སྤེལ་བྱས་ཡོད།

ཕྱིན་ཆད་འདབ་པ་རྫོང་གིས་མུ་མཐུད་དེ་རང་ངོས་ཀྱི་ཐོན་ཁུངས་ཁྱད་འཕགས་ལ་དམིགས་ནས། མ་དངུལ་སྒོར་དུང་ཕྱུར1ལྷག་བཏང་ནས་ཉི་སྟེན་གནམ་ཐང་ནས་ཉི་སྟེན་ལྗོངས་ཁུལ་བར་གྱི་རྨང་གཞིའི་སྒྲིག་ཆས་དང་དེ་བཞིན་སྐྱེ་ཁམས་དང་མི་རིག་གི་མཛེས་ལྗོངས་དང་ལྗོངས་གནས་གསར་སྐྲུན་བྱ་རྒྱུ་རེད། སྐབས་དེར། གོམ་གསུམ་སྤོས་ན་ལྟ་གནས་རེ་དང་གོམ་ལྔ་སྤོས་ན་མཛེས་ལྗོངས་རེ་ཡོད་ལ། ཡུལ་སྐོར་བས་བསམ་ཡུལ་ལས་འདས་པའི་ཡུལ་སྐོར་མྱོང་རོལ་དེ་བས་མང་པོ་བྱ་ཆོག་གི་ཡོད་དོ། །