བོད་རིགས་བུད་མེད་ཀྱི་གནས་བབ་དང་ཁེ་དབང་གླེང་བ།

དཔལ་མོའི་ལོ་རྒྱུས་མདོར་བསྡུས།

དཔལ་མོ། པིར་མིང་ལ་བདེ་སྦྱིན་མ་དང་སྲིན་མོར་འབོད་མྱོང་། ཕ་ཡུལ་མཚོ་སྔོན་པོ་རྐང་ཚ་ཡིན། སྔ་གཞུག་ཏུ་རྐང་ཚ་རྫོང་མི་རིགས་སློབ་གྲྭ་དང་མཚོ་བྱང་ཁུལ་མི་རིགས་དགེ་འོས་སློབ་གྲྭ། ནུབ་བྱང་མི་རིགས་སློབ་ཆེན། ཀྲུང་གོ་ཚན་རྩལ་སློབ་ཆེན། པེ་ཅིང་དགེ་ཐོན་སློབ་ཆེན། སི་ཁྲོན་སློབ་ཆེན་བཅས་ནས་སློབ་གཉེར་བྱས་མྱོང་། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་དུ་བོད་ཀྱི་བརྡ་སྤྲོད་རིག་པ་དང་། ཚིག་རྒྱན་རིག་པ། རྩོམ་རིག་སོགས་ཁྲིད་ཀྱིན་ཡོད།

༢༠༠༩ལོའི་ཟླ་དགུ་བར《སྲིན་མོ་བུད་མེད་དང་བྱིས་པའི་ཞབས་འདེགས་ཚོགས་པ》ཞེས་པ་བཙུགས་ཤིང་རང་འདུན་པ་བུད་མེད་བཅུ་ལྷག་གིས་མཚོ་སྔོན་དང་ཀན་སུའུ་ས་ཁུལ་དུ་སྔ་ཕྱིར་ཡུལ་ཚོ་དང་སྡེ་བ་སུམ་ཅུ་ལྷག་དང་། སི་ཁྲོན་ས་ཁུལ་གྱི་ཇོ་དགོན་གཉིས་ལ་བུད་མེད་ཀྱི་བདེ་ཐང་འཕྲོད་བསྟེན་གྱི་རྒྱུན་ཤེས་ཁྱབ་བསྒྲགས་བྱས་པ་མ་ཟད། དྭ་ཕྲུག་དང་འབྱོར་བ་ཞན་པའི་ཁྱིམ་ཚང་གི་བྱིས་པ་བསྡོམས་པས་ཉི་ཤུ་རྩ་གསུམ་ལ་སློབ་ཡོན་བཙལ་ཏེ་རོགས་སྐྱོར་བྱས་པ་ཡིན།

རིག་གཞུང་ཞིབ་འཇུག་གི་སྐོར་ལ།《རྒྱལ་མོ་ཝུའུ་ཙེ་ཐེན་དང་བཙུན་མོ་ཁྲི་མ་ལོད་གཉིས་ཀྱི་ཆབ་སྲིད་འཇོན་ཐང་ཐད་ཀྱི་དཔྱད་བསྡུར》ལ་སོགས་དཔྱད་རྩོམ་ཉི་ཤུ་ཙམ་ཡོད། རྩོམ་རིག་གསར་རྩོམ་གྱི་སྐོར་ལ《དྲག་ཏུ་ལྡིང་བའི་ཡིག་འབྲུ་འདི་དག》དང་《དཔྱིད་ཀྱི་དཔལ་མོ》དེ་མིན་ད་རུང་སློབ་གཉེར་དང་ལས་ཞོར་དུ《བཞོ་ལུང་》《བོད་ཀྱི་སྐྱེས་མའི་དཔྱད་རྩོམ་ཕྱོགས་བསྒྲིགས》《དེང་རབས་བོད་ཀྱི་སྐྱེས་མ་རྩོམ་པ་པོའི་དཔེ་ཚོགས》སོགས་པར་སྐྲུན་བྱས་དང་བྱེད་བཞིན་ཡོད།