སྔོ་རྒྱ་འགག་ཆུ་གློག་ས་ཚིགས་ཀྱི་ཤོང་ཚད་སྟོང་ཝ200ལ་བསྒྱུར་བའི་ལས་གཞི་གནད་འགག་གི་དུས་རིམ་ལ་བསླེབས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས21ཉིན། གསར་འགོད་པས་རྒྱལ་ཁབ་གློག་འཇོག་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི་ནས་ཤེས་གསལ་ལྟར་ན། རྨ་ཆུ་ཀུང་སི་སྔོ་རྒྱ་འགག་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཆས་རྒྱ་བསྐྱེད་ལས་གཞི་ལྔ་བའི་འབུ་སྐྱོགས་ཀྱི་ཤུན་དང་འདྲ་བའི་ཕྱི་སྐོགས་སྒྲིག་འགེབས་དང་ཚ་ལ་ལ་སོགས་པའི་ལས་ཀ་ཡོངས་ལེགས་འགྲུབ་བྱུང་ལ། དེ་ནི་སྔོ་རྒྱ་འགག་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཆས་རྒྱ་བསྐྱེད་ལས་གཞི་ལྔ་བའི་བཟོ་སྐྲུན་གལ་ཆེན་དེ་དུས་རིམ་གལ་ཆེན་ཞིག་ལ་བསླེབས་པའི་རྟགས་མཚན་ཡིན། ལས་གཞིའི་སྒྲིག་ཆས་དེ་ནི་“མཚོ་སྔོན་ནས་ཧི་ནན་བར་གློག་ཐད་འདོན”ཐུབ་པའི་གློག་སྣོན་མཐོ་ཤོས་ཕྱིར་སྐྱེལ་བྱེད་ཀྱི་རྩེ་སྒྲིག་གློག་ཁུངས་ཡིན་ཞིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གཙང་མའི་ཐོན་ཁུངས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་དང་། “མཚོ་སྔོན་ནས་ཧི་ནན(河南)བར་གློག་ཐད་འདོན”བྱེད་པའི་གློག་སྣོན་མཐོ་ཤོས་ཕྱི་སྐྱེལ་གྱི་གཏན་འཇགས་རང་བཞིན་དང་དཔལ་འབྱོར་རང་བཞིན་འགན་སྲུང་ཐད་ལའང་ལག་རྗེས་གལ་ཆེན་འཇོག་ཐུབ།

ཤེས་གསལ་ལྟར་ན། བསྒྲིག་བྱའི་འཕྲུལ་ཆས་ཚོགས་དེའི་སྣ་གཅིག་ནང་སྟོང་ཝ་ཁྲི40ཤོང་བས། སྔོ་རྒྱ་འགག་ཆུ་གློག་ས་ཚིགས་རང་འགུལ་གྱིས་འཁོར་སྐྱོད་དང་སྲུང་སྐྱོབ་ཆུ་ཚད་ཇེ་མཐོར་གཏང་ཐུབ། དེ་མིན་འཕྲུལ་ཆས་ཚོགས་དེས་རླུང་གློག་དང་འོད་ཧྥུ་གློག་འདོན་བར་གྱི་གློག་ཁུངས་འཁོར་སྐྱོད་ལ་རམ་འདེགས་དང་།  ནུས་ཁུངས་གསར་པའི་གློག་འདོན་བདེ་འཇགས་ཀྱི་སྒོ་ནས་སྤུས་ལེགས་གློག་ཁུངས་སུ་བསྒྱུར་ནུས་པས། ནུས་ཁུངས་གཙང་མའི་གློག་ཕྱོགས་གཅིག་ཏུ་བསྡུས་ནས་ཕྱི་རུ་སྐྱེལ་ཐུབ་པ་རེད།

སྔོ་རྒྱ་འགག་ཆུ་གློག་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་དང་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་གི་འབྲེལ་མཚམས་སུ་འབབ་པའི་རྨ་ཆུའི་གཞུང་རྒྱུད་དུ་ཡོད་ཅིང་། གློག་ཚིགས་ཀྱི་འཕྲུལ་ཆས་སྣ་གཅིག་གི་ཤོང་ཚད་སྟོང་ཝ་ཁྲི40ཡིན་པ་དང་། འཆར་འགོད་སྤྱིའི་ཤོང་ཚད་སྟོང་ཝ་ཁྲི200ཡིན་པས། རང་རྒྱལ་གྱི་འཕྲུལ་ཆས་ཉིས་སྒྲིག་ཅན་བཀོལ་པའི་ཆུ་གློག་ས་ཚིགས་ཐོག་མ་ཡིན། འཕྲུལ་ཆས་ཀྱི་ཤོང་ཚད་རྒྱ་བསྐྱེད་པའི་ལས་གཞི་ལྔ་བ་དེ2023ལོའི་ཟླ9བའི་ནང་འཁོར་སྐྱོད་བྱ་འཆར་ཡོད་ལ། སྐབས་དེར་སྔོ་རྒྱ་འགག་ཆུ་གློག་ས་ཚིགས་ཀྱི་ཤོང་ཚད་སྟོང་ཝ་ཁྲི200ལ་བསྒྱུར་ནས་བཀོལ་སྤྱོད་བྱ་རྒྱུ་རེད།


ལོ་ཙཱ་བ། ཁོན་ཐར་འཚོ།