མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཕྱི་ཐུམ་ཚད་བརྒལ་ཅན་གྱི་ཐོན་རྫས་འཛད་སྤྱོད་ཕྱོགས་ལ་བརྟག་དཔྱད་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས9ཉིན་ནས་ཚེས15ཉིན་བར། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཕྱི་ཐུམ་རྒྱས་སྤྲོས་ཆེ་བའི་ཐོན་རྫས་འཛད་སྤྱོད་ཕྱོགས་ལ་དྲི་ཤོག་ལམ་ནས་བརྟག་དཔྱད་བྱས། ཐེངས་འདིའི་བརྟག་དཔྱད་ཀྱིས་འཛད་སྤྱོད་པས་ཕྱི་ཐུམ་ཚད་བརྒལ་ཅན་ལ་ལྟ་སྟངས་ཅི་ཞིག་འཛིན་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་ལ་རྒྱུས་ལོན་ག་འདྲ་ཡོད་པ། ཚད་བརྒལ་ཕྱི་ཐུམ་གྱི་རྒྱུ་ཆ་ཐག་གཅོད་ཇི་ལྟར་བྱེད་པ་སོགས་གཙོར་བཟུང་བརྟག་དཔྱད་བྱས་ལ། དེར་རྒྱ་ཆེ་བའི་འཛད་སྤྱོད་པ་རྣམས་ཀྱིས་དོ་སྣང་ཆེན་པོ་ཐོབ་པ་དང་། བརྟག་དཔྱད་ཁྲོད་གྲུབ་འབྲས་ཅན་གྱི་དྲི་ཤོག་སྔ་རྗེས་སུ་ཁྲི1.6འབྱོར།

བརྟག་དཔྱད་ལས་མངོན་པ་ནི། བཅུ་ཆའི་ལྔ་ལས་བརྒལ་བའི་འཛད་སྤྱོད་པ་རྣམས་ཀྱིས་ཕྱི་ཐུམ་རྒྱས་སྤྲོས་ཆེ་བའི་སྣང་ཚུལ་དེ་རྒྱུན་ལྡན་ཞིག་རེད། ལྷག་པར་ཟླ་མཆོད་ཀྱི་གོ་རེ་དང་། ཇ་ལོ། སྐེག་རྫས་སོགས་ལྟ་བུ། དེ་བཞིན 13.9%ཡི་འཛད་སྤྱོད་པས་ཚོང་རྫས་ལ་ཐུམ་ཆེན་པོ་བརྒྱབ་རྗེས་འདེམ་ཉོ་ལ་དཀའ་ཁག་ཐེབས་ཡོང་ཟེར། 62.7%ཡིས་ཚད་བརྒལ་གྱི་ཐུམ་སྒྲིལ་ངེས་པར་དུ་བཀག་འགོག་བྱེད་དགོས་པར་འདོད། 24.9%ཡི་འཛད་སྤྱོད་པས་ཚད་བརྒལ་གྱི་ཐུམ་དེ་མཚམས་རེར་དགོས་མཁོ་ཡོད།  དཔེར་ན་ལེགས་སྐྱེས་ལྟ་བུ།  12.4%ཡི་འཛད་སྤྱོད་པས་ཚད་བརྒལ་གྱི་ཐུམ་ནི་ཁྲོམ་རའི་དགོས་མཁོ་ཞིག་སྟེ། ཚོང་རྟགས་གྲགས་ཅན་གྱི་ཁྱད་ཆོས་མངོན་བྱེད་ཡིན་པར་འདོད། དྲི་ཤོག་གི་ལན་འདི་དག་ལ་གཞིགས་ཡོང་ན། འཛད་སྤྱོད་པ་མང་ཤོས་ཀྱིས་དེ་ནི་ངོ་སོ་སྲུང་བྱེད་ཙམ་དང་། རྨོངས་ཚོད་ཀྱིས་གཞན་རྗེས་སུ་སྙེག་ནས་རྒྱས་སྤྲོས་ཆུད་ཟོས་ལ་འཕྲུལ་བ་ཙམ་ལས་མ་འདས་ཏེ། ལྷད་མེད་ཐཱན་ཉུང་གི་འཕེལ་རྒྱས་ལམ་ཕྱོགས་དང་འགལ་བའི་འཛད་སྤྱོད་བྱེད་སྲོལ་ངན་པ་ཞིག་ཡིན་པའི་ལྟ་སྟངས་ཐོག་ནས་ཡལ་པར་འདོར་འདོད་པ་དེ་གསལ་བོར་ཤེས་ཐུབ།

དེ་བཞིན་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གསལ་ཆ་ཡོད་མེད་ཕྱོགས་ནས་བཏོན་པའི་དྲི་བར། 9.9%ཡི་འཛད་སྤྱོད་པས་རྒྱལ་ཁབ་ཀྱིས《ཐོན་རྫས་ལ་ཕྱི་ཐུམ་ཚད་བརྒལ་རྒྱག་པའི་ཚད་བཀག་ནང་བཟའ་ཆས་དང་སྐེག་རྫས་ལ་བཏོན་པའི་བླང་བྱ》ཅེས་པའི་འབྲེལ་ཡོད་གཏན་འབེབས་ལ་གསལ་ཆ་ཡོད་ཅེས་ལན་བཏབས་བྱུང་། 57.2%ཡི་འཛད་སྤྱོད་པས་ཤེས་ཀྱང་ནང་དོན་ཞིབ་ཕྲར་རྒྱུས་མངའ་མེད་ཅེས་ལན་བཏབས། འཛད་སྤྱོད་པ54.4%ཡིས་གཏན་འབེབས་གསར་པའི་ཁྲོད་ཕྱི་ཐུམ་གྱི་རིམ་པ་ཇི་ལྟར་གཏན་ལ་ཕབ་པར་ཤེས་རྟོགས་ཙམ་ཡོད་ཅེས་ལན་བཏབས། ཚུལ་དེ་ལ་གཞིགས་ན་གཏན་འབེབས་ཀྱི་ནང་དོན་གསལ་བོ་ཤེས་མཁན་དེ་འདྲའི་མང་པོ་མེད་པ་ཤེས་ཐུབ།

ཕྱི་ཐུམ་གྱི་རྒྱུ་ཆ་ཐག་གཅོད་ཕྱོགས་ནས་འཛད་སྤྱོད་པ་མང་ཤོས་ཀྱིས་ཐད་ཀར་གཡུགས་པ་ཡིན་ཞེས་ལན་བཏབས། འཛད་སྤྱོད་པ26%ཡིས་ཕྱིར་བསྡུས་ཏེ་བེད་སྤྱོད་ཅི་ཐུབ་བྱེད་པ་ཡིན་ཞེས་ལན་བཏབས་ཡོད་ལ། ཚུལ་དེ་ལས་ཕྱི་ཐུམ་ཚད་ལས་བརྒལ་ན་གད་སྙིགས་ཐག་གཅོད་ཀྱི་ཁུར་པོ་ཇེ་ལྕིར་གཏང་གི་ཡོད་པ་མ་ཟད། ཐོན་ཁུངས་ཆུད་ཟོས་སུ་བཏང་ནས་ཁོར་ཡུག་ལ་འབག་བཙོག་ཐེབས་ཀྱི་ཡོད་པ་ཤེས་ཐུབ།

ཐེངས་འདིའི་བརྟག་དཔྱད་ཀྱི་མཇུག་འབྲས་ལ་བལྟས་ཡོང་ན། འཛད་སྤྱོད་པ་མང་ཤོས་ཀྱིས་ཐོན་རྫས་ཀྱི་ཕྱི་ཐུམ་ལ་ངོས་ཟིན་ཡང་དག་ཐོག་ནས་ཚད་བརྒལ་ཕྱི་ཐུམ་བཀག་འགོག་བྱེད་ཀྱི་ཡོད་ན་ཡང་། ལས་རིགས་ཁག་གི་ཐོན་རྫས་ཕྱི་ཐུམ་ལ་མཚོན་ན་སྔར་བཞིན་ཚད་ལྡན་དུ་གཏང་དགོས། ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡི་འགན་འཁུར་བས་འདི་སྐད། སླད་ཕྱིན་ལྟ་སྐུལ་དོ་དམ་ཐད་ལ་སྔར་ལས་ཤུགས་བསྣན་དང་། དྲིལ་སྒྲོག་སློབ་གསོ་ལ་སྔར་ལས་ཤུགས་བརྒྱབ་ཏེ། གཉེར་སྐྱོང་བྱེད་མཁན་གྱི་རང་བཅོས་རང་གཅུན་ལ་འཁྲིད་སྟོན་ཡག་པོ་དང་། འཛད་སྤྱོད་པའི་འཛད་སྤྱོད་ཡང་དག་བྱེད་ཤེས་དང་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་རང་རྟོགས་ཆེར་བསྐྱེད་ལ་རོགས་བྱས་ནས་འཛད་སྤྱོད་པ་དང་ཁེ་ལས་གཉིས་ཀ་ནས་ཕྱི་ཐུམ་ཚད་བརྒལ་ཅན་འགོག་པའི་འཛད་སྤྱོད་བྱེད་སྟངས་ལ་ཡར་སྐུལ་བྱ་རྒྱུ་ཞེས་བསྟན་ནོ། །

ལོ་ཙཱ་བ། ཁོན་ཐར་འཚོ།