སྨན་བཅོས་འགན་སྲུང་མ་དངུལ་གྲབས་གསོག་གི་ཚད་གཞི་ལེགས་སྒྲིག་བྱས།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་གི་མ་དངུལ་གྲབས་གསོག་ཚད་གཞི་ལེགས་སྒྲིག་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་འགན་སྲུང་ནང་ཞུགས་པའི་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་གི་ཐོབ་ཆའི་ཆུ་ཚད་དང་གཞི་རྩའི་སྨན་བཅོས་འགན་སྲུང་གི་དགོས་མཁོ་བརྟན་ལྷིང་ངང་ཇེ་མཐོར་བཏང་།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་མོས་མཐུན་བྱས་པ་བརྒྱུད། 2022ལོར་རང་ཞིང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་གི་མི་རེའི་ཆ་སྙོམས་མ་དངུལ་གྲབས་གསོག་ཚད་གཞི་སྒོར1030བར་ཇེ་མཐོར་བཏང་བ་དང་། དེའི་ཁྲོད་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་སྒོར680ཟིན་པ་དེས་རྒྱལ་ཁབ་ཀྱི་ཚད་གཞིའི་སྒོར70ལས་མཐོ་ཞིང་མ་དངུལ་གྲབས་གསོག་བསྡོམས་འབོར་གྱི66%ཟིན་ཡོད། མི་སྒེར་གྱི་གྲོན་དངུལ་སྤྲོད་བའི་ཚད་གཞི་སྒོར350ཡིན་པས་མ་དངུལ་གྲབས་གསོག་བསྡོམས་འབོར་གྱི34%ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་སྲུང་གི་མི་རེའི་ཆ་སྙོམས་མ་དངུལ་གྲབས་གསོག་ཚད་གཞི་སྒོར95ཡིན་ལ། མཁོ་བའི་མ་དངུལ་དེ་གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩའི་ཁྲོད་ནས་གཏོང་སྤྲོད་བྱ་རྒྱུ། འགན་སྲུང་ནང་ཞུགས་མཁན་མང་ཚོགས་མི་སྒེར་གྱིས་གྲོན་དངུལ་སྤྲོད་མི་དགོས། དེ་དང་ཆབས་ཅིག་ལས་ཞུགས་བྱེད་སྟངས་གསར་པའི་ལས་ཞུགས་མཁན་སོགས་སྨན་བཅོས་འགན་སྲུང་ནང་ཞུགས་པའི་ཁྱིམ་ཐོའི་ཚོད་འཛིན་མི་བྱེད་པ་དང་། གནས་སྡོད་ལག་ཁྱེར་ཁྱེར་ནས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་ནང་ཞུགས་མཁན་གྱིས་གཏན་འབེབས་ལྟར་ནོར་སྲིད་ཀྱི་ཁ་གསབ་ལོངས་སྤྱོད་བྱ་རྒྱུ།

གཡང་སྐྱིད་ཀྱིས་བསྒྱུར།