ཉིང་སྐྱུར་བརྟག་དཔྱད་ཐེངས་མང་པོ་བྱེད་དགོས་དོན་ཅི་ཡིན།

གཅིག འགོ་ནད་རང་བཞིན་གྱི་ནད་རིགས་གང་ཡིན་རུང་ནད་རྟགས་མི་མངོན་པའི་དུས་སྐབས་ངེས་ཅན་ཞིག་ཡོད་ཅིང་། པྲོག་གསར་གློ་ཚད་ཀྱི་འགོ་ནད་ཀྱང་དེ་ལས་མ་འདས་ལ། ནད་རྟགས་མངོན་མིན་དེ་ཡང་མི་རེ་རེ་ལ་ཁྱད་པར་ཆེ་ཞིང་དུས་ཚོད་ཀྱང་རིང་ཐུང་ཡོད། དེ་བས་ཡང་དང་བསྐྱར་དུ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་པ་ཡིན།

གཉིས། བརྟག་དཔྱད་ཚད་ལེན་གྱི་ཐད་ནས་བཤད་ན། བརྟག་དཔྱད་ཚད་ལེན་ལ་ཆེས་བཟང་བའི་དུས་སྐབས་ཤིག་ཡོད། དེ་ནི་ནད་དུག་འགོས་ཡོད་པའི་མི་ལ་ནད་རྟགས་ཐོག་མར་མངོན་བཞིན་པའི་སྐབས་ཡིན། བར་སྐབས་འདི་ལ་ཡང་དང་བསྐྱར་དུ་ཉིང་སྐྱུར་བརྟག་དཔྱད་བྱས་ན། ནད་དུག་འགོས་ཡོད་པའི་ནད་པ་མྱུར་དུ་ངོས་འཛིན་ཐུབ་པར་ཕན་ཐོགས་ཡོད།

གསུམ། ཉིང་སྐྱུར་བརྟག་དཔྱད་ལ་མ་དཔེ་ལེན་དུས་སྣ་ཁུང་ནས་ལེན་པ་དང་། མིད་པ་ནས་ལེན་པ། མིད་པ་དང་སྣ་ཁུང་གཉིས་ཀ་ནས་ལེན་པའི་བྱེད་ཐབས་འགའ་ཤས་ཡོད། མ་དཔེ་ལེན་སྟངས་གང་ཡིན་ཀྱང་བླངས་པའི་མ་དཔེ་ལ་བར་ཁྱད་ངེས་ཅན་ཞིག་ཡོད་པ་ནི་གཡོལ་དཀའ་བ་ཞིག་ཡིན་ཏེ། མ་དཔེ་ལེན་སའི་གནས་དང་ཟབ་ཚད། བླངས་པའི་ཟགས་ཐོན་དངོས་པོ་ཚད་ཐིག་ལ་ཐོན་མིན་གྱི་དབང་གིས་བརྟག་དཔྱད་མཇུག་འབྲས་ལ་ཤུགས་རྐྱེན་ཐེབས་སྲིད་པ་ཡིན། དེ་བས་ཡང་དང་བསྐྱར་དུ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་པ་ཡིན།

བཞི། ནད་དུག་འགོས་ཡོད་པའི་མི་ལ་ནད་རྟགས་དངོས་སུ་ཐོན་ནས་ན་བར་གྱུར་བའི་གོ་རིམ་ཁྲོད་དུ། ཡང་དང་བསྐྱར་དུ་ཉིང་བསྐྱུར་བརྟག་དཔྱད་བྱས་ན། ནད་པ་དེ་ལ་འགོས་ཡོད་པའི་ནད་དུག་གི་མང་ཉུང་དང་ནད་ཀྱི་ལྕི་ཡང་ཐག་གཅོད་ཐུབ་པས། ཚད་གཞི་དེ་ལ་བརྟེན་ནས་གནད་ལ་འཁེལ་བའི་གསོ་བཅོས་བྱས་ན་ནད་པ་མྱུར་དུ་དྲག་སྐྱེད་འབྱུང་བར་ཕན་པ་ཡོད།

མདོར་བསྡུས་ན། ཉིང་སྐྱུར་བརྟག་དཔྱད་བྱེད་པ་ནི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱེད་ཐབས་གཙོ་བོ་ཡིན་ཏེ། མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པ་ལ་བརྟེན་ནས་ནད་རྟགས་ཅན་གྱི་ནད་པ་དང་ནད་རྟགས་མེད་པའི་ནད་པ་སྔ་མོ་ནས་ངོས་འཛིན་ཐུབ་པར་མ་ཟད། ཉེན་ཁ་ཆེ་བའི་ས་ཁུལ་དང་གཙོ་གནད་དུ་གྱུར་བའི་མི་ཚོགས་གཏན་ཁེལ་བྱས་ཏེ། དུས་ཐོག་དུ་ཁ་གཏད་རང་བཞིན་གྱི་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་ན། རིམས་ནད་རྒྱ་ཁྱབ་ཏུ་མི་འགོས་པར་བཀག་སྡོམ་བྱེད་ཐུབ་པ་ཡིན།།