ཉེན་ཁ་ལ་རྒྱང་བཀྱེད་དེ་ཚེ་སྲོག་ལ་གཅེས་སྤྲས་བྱ།

དབྱར་ཁར་ཚ་བ་ཆེ་དུས་ནི་སློབ་མ་ཚོའི་དབྱར་གནང་གི་སྐབས་ལ་ཁེལ་ཡོད་པ་དང་། དེ་ནི་ཏག་ཏག་ཆུར་ལྷུང་བའི་དོན་རྐྱེན་མང་པོ་བྱུང་དང་འབྱུང་བཞིན་པའི་དུས་ཡང་ཡིན། སློབ་མའི་ཉེན་ཁ་གཡོལ་བའི་གོ་རྟོགས་ཇེ་མཐོར་བཏང་སྟེ། ཆུར་ལྷུང་བའི་དོན་རྐྱེན་སྔོན་འགོག་གིས་སློབ་མའི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་དང་། ཉེ་ལམ་མཚོ་ལྷོ་ཁུལ་དུ་བྱིས་པ་ཆུར་ལྷུང་བའི་དོན་རྐྱེན་ལས་བསླབ་བྱ་བླངས་ཏེ། རྒྱ་ཆེ་བའི་ཁྱིམ་བདག་དང་སློབ་བུ་ཚོར་ཆུར་ལྷུང་བའི་དོན་རྐྱེན་སྔོན་འགོག་སྐོར་གྱི་ཤེས་བྱ་ཁྱབ་བསྒྲགས་དང་། དེ་ལ་སློབ་སྦྱོང་བྱེད་པར་འབོད་སྐུལ་བཏང་སྟེ། སློབ་གྲོགས་ཚོས་བདེ་ཐང་དང་བདེ་འཇགས། སྤྲོ་སྐྱིད་དང་དོན་སྙིང་ལྡན་པའི་དབྱར་གནང་གི་འཚོ་བ་ཞིག་རོལ་བར་རེ་བ་སྙིང་ནས་ཞུས་པ་ཡིན།

གཅིག དབྱར་གནང་ནི་ཆུར་ལྷུང་བའི་དོན་རྐྱེན་བྱུང་ཚད་མང་བའི་དུས་ཤིག་ཡིན།

ཆུར་ལྷུང་ཡུལ་མང་ཆེ་བ་ནི་ཆུ་བོ་དང་། མཚེའུ། ཆུ་མཛོད། མཚོ་འགྲམ། ཆུ་རྫིང་། ཆུ་ཡུར་བཅས་ཡིན་པ་དང་། བཀག་སྡོམ་བྱས་མེད་པའི་ས་ཁོངས་ཁ་ཤས་སུ་བདེ་འཇགས་ལྟ་སྐུལ་དོ་དམ་བྱས་པ་མི་འདང་བས་ཚང་མ་ཉེ་སར་བཅར་སླ། དབྱར་ཁའི་གུང་གསེང་ནི་ཆུ་བྲུག་པའི་དུས་ཡིན་པ་དང་། ཆར་ཆུ་མང་བ་དང་ཆུ་ཚད་མཐོ་བས་མཚོ་འགྲམ་གྱི་ཆུ་རྒྱས་འགྲིབ་སོགས་ཀྱིས་ཆུ་ཁོངས་དེ་དག་གི་གནས་ཚུལ་སྔར་བས་རྙོག་འཛིང་ཆེ་རུ་ཕྱིན་ཡོད།

གཉིས། ཆུར་ལྷུང་བར་ཉེན་ཁ་ཆེ་བའི་ས་ཆ་འདི་དག་ལ་དོགས་ཟོན་བྱ་དགོས།

ལོ་ཚོད་མི་འདྲ་བའི་བྱིས་པ་ཆུར་ལྷུང་བར་ཉེན་ཁ་ཆེ་བའི་ས་གནས་མི་འདྲ་སྟེ།

1.ལོ4མན་གྱི་བྱིས་པ་ཆུར་ལྷུང་བ་མང་བའི་ས་གནས་ནི་གཙོ་བོ་ཁྱིམ་གྱི་ཆུ་གསོག་སྣོད་ཆས་སྟེ། དཔེར་ན་ཆུ་རྫ་དང་ཁྲུས་གཞོང་སོགས་ཡིན།

2.ལོ5ནས9བར་གྱི་བྱིས་པ་ཆུར་ལྷུང་བ་མང་བའི་ས་གནས་ནི་ཆུ་ཡུར་དང་། རྫིང་བུ། ཆུ་མཛོད་སོགས་ཡིན།

3.ལོ10ཡན་གྱི་བྱིས་པའི་འགུལ་སྐྱོད་ཀྱི་ཁྱབ་ཁོངས་དེ་བས་ཆེ་སྟེ། གཙོ་བོ་རྫིང་བུ་དང་མཚེའུ། གཙང་པོ་སོགས་ཡིན།

གསུམ། ཆུར་ལྷུང་བར་སྔོན་འགོག་བྱེད་ཆེད་སློབ་མའི“བྱེད་མི་ཆོག་པ་དྲུག”

རང་དགར་ཆུར་རྐྱལ་མི་ཆོག

རང་འདོད་ཀྱིས་མི་གཞན་དང་མཉམ་དུ་ཆུར་རྐྱལ་མི་ཆོག

ཁྱིམ་བདག་དང་དགེ་རྒན་སོགས་མེད་པའི་གནས་ཚུལ་འོག་ཆུར་རྐྱལ་མི་ཆོག

བདེ་སྲུང་སྒྲིག་བཀོད་མེད་པ་དང་རོགས་སྐྱོབ་མི་སྣ་མེད་པའི་ཆུ་ཁོངས་སུ་ཆུར་རྐྱལ་མི་ཆོག

ཆ་རྒྱུས་མེད་པའི་ཆུ་ཁོངས་སུ་ཆུར་རྐྱལ་མི་ཆོག

ཆུར་རྐྱལ་མི་ཤེས་པའི་སློབ་མ་རང་འདོད་ཀྱིས་ཆུ་ནང་དུ་འཛུལ་ནས་རོགས་སྐྱོབ་བྱེད་མི་ཆོག

བཞི། ཆུར་ལྷུང་བ་སྔོན་འགོག་བྱེད་རྒྱུར་ཁྱིམ་བདག་གི“ངེས་པ་གསུམ”དང“ཤེས་དགོས་པ་བཞི”

ངེས་པར་དུ་ཁྲིམས་ལྟར་ཁྱིམ་ཚང་གི་བདེ་འཇགས་སློབ་གསོའི་འགན་འཁྲི་བསྒྲུབ་དགོས།

ངེས་པར་དུ་ཁྲིམས་ལྟར་ནར་མ་སོན་པའི་བྱིས་པའི་ལྟ་སྐྱོང་འགན་འཁྲི་ལག་བསྟར་བྱ་དགོས།

ངེས་པར་དུ་སློབ་གྲྭར་གཞོགས་འདེགས་བྱས་ནས་འབྲེལ་ཡོད་བྱ་བ་ཡག་པོ་བསྒྲུབ་དགོས།

གུང་གསེང་སྐབས་སུ་བྱིས་པ་རང་ཉིད་ཕྱི་ལ་སོང་ནས་རྩེད་མོ་རྩེ་སྐབས། ཁྱིམ་བདག་གིས་ངེས་པར“ཤེས་དགོས་པ་བཞི”ནི།

ཕྲུ་གུ་གང་དུ་འགྲོ་བ་ཤེས་དགོས། བྱིས་པ་སུ་དང་མཉམ་དུ་རྩེ་རུ་འགྲོ་བ་ཤེས་དགོས། བྱིས་པ་ཅི་ལྟར་རྩེད་པ་ཤེས་དགོས། བྱིས་པ་ནམ་ཞིག་ལ་ཕྱིར་ཡོང་བ་ཤེས་དགོས།

ལྔ། ཆུར་ལྷུང་བའི་ངོས་འཛིན་ནོར་འཁྲུལ་ཅན།

1. མི་མང་པོ་ཞིག་གིས་ཆུར་ལྷུང་བའི་སྐབས་སུ་བྱིས་པས་ཆུ་ལ་རྡེབ་པ་དང་སྐད་ཆེན་པོས་འུར་རྒྱག་པར་འདོད། དོན་དངོས་སུ་ཁ་སྣར་ཆུ་སོང་རྗེས་རྒྱུན་ལྡན་གྱི་སྒྲ་འདོན་མི་ཐུབ། དེ་བས་ཕ་མས་ཀྱང་བྱིས་པར་ལྟ་རྟོག་ཡག་པོ་བྱ་དགོས།

2. མི་མང་པོ་ཞིག་གིས་ཆུ་རྐྱལ་བྱེད་ཤེས་ན་ཆུར་མི་ནུབ་པར་འདོད། དོན་དངོས་ནི་ཕྱི་རོལ་གྱི་གནས་ཚུལ་རྙོག་འཛིང་ཆེ་བས། ལུས་པོར་ངལ་དུབ་ཆེ་བ་དང་། ཆུ་རྩྭས་བསྡམས་པ། ཆུ་རླབས་ཆེ་བ་སོགས་ཀྱི་རྐྱེན་མང་པོ་ཞིག་ནི་ཆུར་ནུབ་པའི་རྒྱུ་རྐྱེན་ཡིན།

3. མི་མང་པོ་ཞིག་གིས་ཆུ་རྐྱལ་བ་དང་དབུགས་རྒྱག་རྩེད་ཆས་གྱོན་ན་ཆུར་མི་ནུབ་པར་འདོད། དོན་དངོས་སུ་ཆུ་རྐྱལ་བ་ནི་སྲོག་སྐྱོབ་སྒྲིག་ཆས་མིན་པས་དབུགས་རྒྱག་རྩེད་ཆས་གང་ཞིག་གིས་ཀྱང་ཁྱིམ་བདག་གི་ལྟ་རྟོག་གི་ཚབ་བྱེད་མི་ཐུབ།

4. མི་མང་པོ་ཞིག་གིས་ཚད་ལྡན་གྱི་ཆུ་རྐྱལ་བྱ་ཡུལ་དུ་དོ་དམ་པ་དང་སྲོག་སྐྱོབ་མི་སྣ་ཡོད་པས་ཆུ་ལ་ལྷུང་མི་སྲིད་པར་འདོད། དོན་དངོས་ནི་སྲོག་སྐྱོབ་མཁན་གྱིས་དུས་དང་རྣམ་པ་ཀུན་ཏུ་ཕྲུ་གུ་ཚང་མར་ལྟ་རྟོག་བྱེད་མི་ཐུབ་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཕྲུ་གུར་ལྟ་རྟོག་བྱེད་མཁན་ཁྱིམ་བདག་ཁོ་ན་ལས་མེད།

5 མི་མང་པོ་ཞིག་གིས་ཆུར་རྐྱལ་ཤེས་ན་མི་སྐྱོབ་ཐུབ་པར་འདོད། དོན་དངོས་ནི་ཆུའི་ནང་དུ་རོགས་སྐྱོབ་བྱེད་པ་ནི་ཆེད་ལས་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། ལོ་ན་ཆུང་བའི་སློབ་མས་གྲོགས་པོ་ཆུ་ནང་དུ་ལྷུང་སྐབས་གང་བྱུང་དུ་སྐྱོབ་ཐབས་བྱེད་པའི་རེ་བ་འདོན་གྱི་མེད།

དྲུག ཆུར་ལྷུང་ན་རང་སྐྱོབ་བྱེད་པའི་བྱེད་ཐབས་ཡང་དག

1. ལྷོད་ལ་འབབ་རྒྱུ་ནི་ཆེས་གལ་ཆེ་བ་དང་། དབུགས་འབྱིན་རྔུབ་མི་བྱེད་པ། ལུས་ཡོངས་ལྷོད་ལ་བབས་ན་སྐབས་འདིར་ལུས་པོ་རང་ཤུགས་ཀྱིས་ཆུ་ཁར་གཡེང་ཡོང་།

2. གང་ནུས་ཀྱིས་མགོ་བོ་རྒྱབ་ཏུ་དགྱེ་ནས་ཁ་དང་སྣ་ཆུ་ངོས་སུ་ཐོན་པ།

3.ལུས་སྟེང་གི་དངོས་པོ་ལྗིད་མོ་གང་ནུས་ཀྱིས་གཡུག་དགོས། དཔེར་ན་དཔེ་ཁུག་དང་ལྷམ་ལྟ་བུ།

4. ཉེ་འགྲམ་གྱི་ཆུ་ངོས་སུ་གཡེང་བའི་དངོས་པོ་གང་ཡིན་རུང་འཛིན་གང་ཐུབ་བྱ་དགོས། དཔེར་ན་ཤིང་ལེབ་དང་ཡལ་ག་སོགས། དེ་དག་གི་གཡེང་ཤུགས་ལ་བརྟེན་ནས་ཆུ་ངོས་སུ་གཡེང་སྟེ། གོ་སྐབས་བཙལ་ནས་འཛུགས་སྐྲུན་སྒྲིག་ཆས་དང་སྡོང་བོ་སོགས་གཏན་འཇགས་ཀྱི་དངོས་པོ་གཟུང་དགོས།

བདུན། རོགས་པ་ཆུ་ནང་དུ་ལྷུང་བའི་སྐྱོབ་ཐབས་ནི།

1 .སྐད་ཆེན་པོས་འུར་བརྒྱབ་ནས་མཐའ་འཁོར་གྱི་མི་ལ་སྐྱོབ་རོགས་བྱེད་པའི་བརྡ་གཏོང་བ་དང་། ཆ་རྐྱེན་ཡོད་ན་མྱུར་དུ110ལ་ཁ་པར་བརྒྱབ་ནས་ཉེན་བརྡ་གཏང་དགོས།

2. གནས་དེ་གར་རྒྱུ་ཆ་ལེན་པ། མཐའ་འཁོར་དུ་སྲོག་སྐྱོབ་རྐྱལ་བ་དང་། སྨྱུག་མའི་དབྱུག་པ། ཤིང་ལེབ་སོགས་ཡོ་བྱད་ཡོད་མེད་ལ་བལྟས་ཏེ། ཆུ་ནང་དུ་ལྷུང་བའི་རོགས་པར་གཡུགས་ནས་དེར་འཁྱུད་དུ་བཅུག་སྟེ་མཚོ་འགྲམ་དུ་འཐེན་དགོས། འཐེན་སྐབས་ལུས་དམའ་མོ་བྱས་ཏེ་ལྟེ་བ་ཇེ་དམའ་རུ་བཏང་ནས་འཐེན་དགོས་ལ་རང་ཉིད་ཆུ་ནང་དུ་ལྷུང་བར་མཉམ་འཇོག་བྱ་དགོས།

3. ཆུར་ལྷུང་བའི་མི་དེ་བསྐྱབས་རྗེས་མྱུར་དུ་ཁ་དང་སྣའི་ནང་གི་བཙོག་དངོས་འདོན་པ་དང་། ཆུར་ལྷུང་བའི་མིས་མགོ་ཡར་འདེགས་པར་བྱས་ཏེ་མ་ནེ་ཡར་བཀྱགས་ནས་དབུགས་ལམ་གྱི་སྒོ་ཕྱེ་བ་དང་། དུས་མཚུངས་སུ“120”མྱུར་སྐྱོབ་ཁ་པར་གཏང་དགོས།

4 .གལ་ཏེ་ཆུར་ལྷུང་བའི་མིའི་དབུགས་འབྱིན་རྔུབ་དང་སྙིང་གི་འཕར་ལྡིང་ཞན་པའམ་ཡང་ན་མཚམས་འཇོག་བྱས་ཟིན་ན། མྱུར་དུ་མིའི་ཐབས་ཀྱིས་དབུགས་འབྱིན་རྔུབ་བྱེད་པ་དང་བྲང་ཁ་ནས་སྙིང་གནོན་དགོས། མྱུར་སྐྱོབ་བྱ་རྒྱུ་གང་བྱུང་དུ་བསྐྱུར་མི་རུང་བ་དང་། ལྷག་པར་དུ་ལུས་དྲོད་དམའ་བའི་གནས་ཚུལ་འོག་མྱུར་སྐྱོབ་དུས་ཡུན་རིང་བར་བྱས་ཏེ་ཆེད་ལས་སྨན་བཅོས་མི་སྣ་ཡུལ་དངོས་སུ་འབྱོར་རག་བར་དུ་མྱུར་སྐྱོབ་བྱ་དགོས།

5. ཆུར་ལྷུང་བའི་མིའི་ཕྱི་ལྭ་རློན་པ་ཕུད་དེ་ལུས་པོ་ཕྱིས་རྗེས་གྱོན་ཆས་སྐམ་པོ་བཀབ་ནས་ལུས་དྲོད་མི་ཤོར་བ་བྱ་དགོས།