མཐར་ཕྱིན་སློབ་མའི་ཡིག་ཚགས་འདི་ལྟར་ཉར་འཇོག་བྱ་དགོས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ནི་སློབ་མཐར་ཕྱིན་པའི་དུས་ཚིགས་ལ་སླེབས་བྱུང་བས། ལས་ཞུགས་དང་ཡང་ན་མུ་མཐུད་དུ་སློབ་གྲྭར་འགྲིམ་པའི་གང་ཡིན་རུང་། ཆེད་སྦྱོང་དང་དངོས་གཞིའི་མཐར་ཕྱིན་སློབ་མ་ཚང་མར་མི་དོན་ཡིག་ཚགས་ཉར་འཇོག་དང་དང་དོ་དམ་ཐད་ཀྱི་དོན་དག་མང་པོ་འཕྲད་ཡོང་ངེས།

མཐར་ཕྱིན་སློབ་མའི་ཡིག་ཚགས་ཉར་འཇོག་ལ་གྲོན་དངུལ་སྟེར་དགོས་སམ་ཞེ་ན།

ལས་དོན་མི་སྣས་ལན་དུ། 2015ལོའི་ཟླ1ཚེས1ཉིན་ནས་བཟུང་། མི་དོན་འབྲེལ་བ་དང་ཡིག་ཚགས་ཀྱི་ཉར་ཚགས་དང་། ལྟ་ཀློག བདེན་དཔང་། ཡིག་ཚགས་བརྒྱུད་སྤྲོད་སོགས་ཀྱི་འགྲོ་གྲོན་མེད་པར་བཟོས་ཞེས་ལན་བཏབས། 

ད་ལོའི་མཐར་ཕྱིན་སློབ་མའི་ལས་ཞུགས་སྔོན་གྱི་ཡིག་ཚགས་གང་དུ་འཇོག་དགོས་སམ།

ལས་དོན་མི་སྣས་ལན་དུ། མཐར་ཕྱིན་སློབ་མའི་ལས་ཞུགས་སྔོན་གྱི་ཡིག་ཚགས་དེ་མཐོ་རིམ་སློབ་གྲྭས་གསང་གནད་འགྲིམ་འགྲུལ་དང་སྦྲག་སྲིད། EMSཚད་གཞིའི་མྱུར་སྐྱེལ་བཅས་བརྒྱུད་དེ་ཁྱིམ་ཐོ་ཡོད་སའི་རྫོང(རྫོང་ཚུད་པ)དང་དེའི་ཡན་གྱི་སྲིད་གཞུང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཁོངས་གཏོགས་ཀྱི་སྤྱི་པའི་ལས་ཞུགས་དང་ཤེས་ལྡན་པའི་ཞབས་ཞུའི་སྒྲིག་གཞི། ཞིང་ཆེན་དང་ཁུལ(ས་གནས་དང་གྲོང་ཁྱེར)སྲིད་གཞུང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་དབང་ཆ་སྤྲད་པའི་ཤེས་ལྡན་པའི་མཚམས་སྦྱོར་ཞབས་ཞུའི་ལས་ཁུངས་སུ་བསྐྱལ་དགོས་ཞེས་ལན་བཏབས།

མཐར་ཕྱིན་སློབ་མའི་སྐྱེ་ཁུངས་དང་ཁྱིམ་ཐོ་ཡོད་ས་གཉིས་མི་གཅིག་དུས། ཡིག་ཚགས་བསྐུར་བའི་ས་གནས་གང་ཞིག་འདེམས་དགོས་སམ།

ལས་དོན་མི་སྣས་ལན་དུ། གཞུང་ཕྱོགས་མིན་པའི་ལས་ཁུངས་སུ་ལས་ཞུགས་སམ་ཡང་ན་ལས་ཞུགས་ཐུབ་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མའི་སྐྱེ་ཁུངས་དང་ཁྱིམ་ཐོ་ཡོད་ས་གཉིས་མི་འདྲ་བའི་སྐབས་སུ་ཡིག་ཚགས་ཁྱིམ་ཐོ་ཡོད་སའི་སྤྱི་པའི་ལས་ཞུགས་དང་ཤེས་ལྡན་པའི་ཞབས་ཞུའི་ལས་ཁུངས་སུ་བསྐུར་དགོས་པ་དང་། ལས་ཁུངས་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་དོན་ལས་ལས་ཁུངས་སུ་ལས་ཞུགས་བྱས་པ་ཡིན་ན་སྤྱིར་བཏང་དུ་ལས་ཁུངས་སུ་སྦྲག་ཐོག་ནས་བསྐུར་གྱི་ཡོད་ཅེས་ལན་བཏབས།

ཡིག་ཚགས་ནི་མི་སྒེར་གྱི་ཆ་འཕྲིན་གྱི་གཞི་རྟེན་གལ་ཆེན་ཞིག་ཡིན་ལ། མི་སྒེར་གྱི་ལོ་རྒྱུས་བདེན་དཔང་ཡིན་པ་དང་རྩ་འཛུགས་སྡེ་ཁག་གིས་རྟོག་ཞིབ་དང་དཔྱད་ཞིབ་བྱེད་པའི་གཞི་འཛིན་ས་ཡིན་པ་མ་ཟད། གཞུང་ཞབས་པ་དང་དོན་ལས་ལས་ཁུངས་ཀྱིས་ལས་བྱེད་པ་བསྡུ་བ་དང་། ཏང་རྩ་འཛུགས་ཀྱི་འབྲེལ་བ་དོ་དམ། ལས་ཞུགས་ལོ་ཚད་བརྩི་སྟངས། མི་སྒེར་གྱི་གོ་མིང་སོགས་ལ་འབྲེལ་བ་ཡོད་རྐྱེན། ཡིག་ཚགས་བོར་བརླག་སོང་ཚེ་མི་སྒེར་དང་འབྲེལ་བ་ཡོད་པའི་ཡིག་ཚགས་དཔྱད་གཞི་ཁ་གསབ་བྱེད་དཀའ་བ་མ་ཟད་ཁ་གསབ་བྱེད་ཐབས་བྲལ་བ་ཞིག་རེད། དེར་བརྟེན་མཐར་ཕྱིན་སློབ་མས་རང་དགར་ཡིག་ཚགས་ཁྱེར་མི་རུང། མི་སྤྱོད་ལས་ཁུངས་དང་མཐོ་རིམ་མཐར་ཕྱིན་སློབ་མས་ཀྲུང་གོའི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་དྲ་ཐོག་ནས་མི་དོན་ཡིག་ཚགས་དོ་དམ་ཞབས་ཞུ་ལས་ཁུངས་ཀྱི་ཆ་འཕྲིན་ནང་འདྲི་རྩད་བྱས་ཆོག

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།