རང་ཞིང་གིས་ཕྱོགས་བདུན་ནས་ནུབ་རྒྱུད་གསར་འབྱེད་བྱ་བར་སྐུལ་འདེད་གཏང་རྒྱུ་རེད།

ཉེ་ལམ་ཞིང་ཆེན་སྲིད་གཞུང་ལ་སྙན་སེང་ཞུས་ནས་མོས་འཐད་བྱུང་བ་དང་། ཞིང་ཆེན་བཅོས་སྒྱུར་གོང་སྤེལ་ཨུ་ལྷན་གྱིས་པར་འགྲེམ་བྱས་པའི་རང་ཞིང་གི་2022ལོའི་ནུབ་རྒྱུད་གསར་འབྱེད་ཆེན་པོའི་ལས་གནད་ཁག་པར་འགྲེམས་བྱས། ལས་གནད་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྟོན་དུ་བཟུང་སྟེ། ཏང་གི་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་དུས་དང་། མཚོ་སྔོན་གྱི་ལས་དོན་ལ་མཆན་འགོད་སློབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། འཕེལ་རྒྱས་གསར་པའི་བསམ་བློ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་ལེན་དུ་བསྟར་རྒྱུ་མ་ཟད།    སྲུང་སྐྱོབ་ཆེན་མོ་དང་། གསར་འབྱེད་ཆེན་པོ། སྤུས་ལེགས་འཕེལ་རྒྱས་དམིགས་སུ་བཟུང་ནས2022ལོའི་རང་ཞིང་གི་ནུབ་རྒྱུད་གསར་འབྱེད་ཆེན་མོའི་ལས་དོན་ཁག་ལ་སྤྱིའི་བླང་བྱ་བཏོན་ཡོད་པ་རེད། བླང་བྱ་དེ་དག་ཕྱོགས་བདུན་གྱི་བྱེད་ཐབས་གལ་ཆེན26ལ་འབྲེལ་ཡོད་དོ། །

ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱི་གོམ་ཁ་ཇེ་མགྱོགས་སུ་གཏང་རྒྱུ། དེའི་ནང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་གནས། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་ཕྱིར་གཏོང་བྱ་ཡུལ་བཅས་གང་མགྱོགས་ཅི་མགྱོགས་ཀྱིས་བསྐྲུན་དགོས་པའི་ནང་དོན་ཚུད།

ཞིང་གྲོང་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུ། དེའི་ནང་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་དང་། འབྲུ་རིགས་ཐོན་སྐྱེད་དང་མཁོ་འདོན་འགན་སྲུང་། ཞིང་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏང་བ་བཅས་ཀྱི་ནང་དོན་གསུམ་འདུ།

གསར་བརྗེ་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བྱ་རྒྱུ། དེའི་ནང་ཁྱབ་ཁོངས་གལ་ཆེན་གྱི་གསར་བརྗེ་དང་། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར། ཚན་རྩལ་གསར་བརྗེ་དང་གསར་གཏོད་ལ་སྐུལ་འདེད་བཅས་ནང་དོན་གསུམ་འདུ།

རྨང་གཞི་སྒྲིག་ཆས་སྒྲིག་འཛུགས་ལ་སྐུལ་འདེད་བྱ་རྒྱུ། དེའི་ནང་རྨང་གཞི་སྒྲིག་ཆས་གསར་གྲས་མགྱོགས་པོར་སྒྲིག་འཛུགས་དང་། འགྲིམ་འགྲུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད། ཆུ་བེད་ནུས་ཁུངས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་ལ་སྐུལ་འདེད་བཅས་ནང་དོན་གསུམ་འདུ།

ཕྱི་ཕྱོགས་སྒོ་འབྱེད་ལ་ཤུགས་བསྣན་རྒྱུ། དེའི་ནང་ཕྱི་དངུལ་མ་འཇོག་གི་ཉོ་ཚོང་ལ་རྒྱབ་སྐྱོར་ཤུགས་ཆེན་དང་། གསར་འབྱེད་སྟེགས་བུ་རིམ་པ་མང་པོ་ཅན་འཛུགས་སྐྲུན། མངའ་ཁོངས་ཀྱི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་བྱ་བ་བཅས་ནང་དོན་གསུམ་འདུ།

དམངས་ཚིས་འགན་སྲུང་གི་ཆུ་ཚད་མཐོར་འདེགས་སུ་གཏང་རྒྱུ། དེའི་ནང་ལས་ཞུགས་ཀྱི་ཡོང་འབབ་ཆུ་ཚད་ཇེ་མཐོར་དང་། སློབ་གསོ་འདྲ་མཉམ་དང་རྒྱུ་སྤུས་མཐོར་འདེགས་ལ་སྐུལ་འདེད། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་འགན་སྲུང་གི་ཆུ་ཚད་མཐོར་འདེགས། སྤྱི་ཚོགས་འགན་སྲུང་གི་མ་ལག་ཆེ་ཆེར་འཛུགས་སྐྲུན། རིག་གནས་དང་ལུས་རྩལ་བྱ་གཞག་དར་སྤེལ། རང་བྱུང་གི་གནོད་པ་སྔོན་འགོག་དང་འཕྲལ་བསྟུན་དོ་དམ་ནུས་པ་ཇེ་དྲག་ཏུ་གཏང་བ་བཅས་ནང་དོན་དྲུག་འདུའོ། །

ལོ་ཙཱ་བ། ཁོན་ཐར་འཚོ།