བྱིས་པ་བུ་སྐལ་དུ་བླངས་ན་ཆ་རྐྱེན་གང་དག་འཛོམས་དགོས།

《དམངས་དོན་ཁྲིམས་གཞུང》གི་གཏན་འབེབས་ལྟར། བྱིས་པ་བུ་སྐལ་དུ་བླངས་ན་ཆ་རྐྱེན5འཛོམས་དགོས་ཤིང་། དེ་དག་ནི་ བྱིས་པ་མེད་པའམ་ཡང་ན་བྱིས་པ་གཅིག་ལས་མེད་པ་ཅན(དེའི་ནང་དྭ་ཕྲུག་དང་། བྱིས་པ་དབང་པོ་སྐྱོན་ཅན་ཡང་ན་བྱིས་པའི་ཕན་བདེ་ལས་ཁུངས་ཀྱིས་སྙོར་སྐྱོང་བྱེད་མཁན་ཕ་མ་ངོ་མ་རྙེད་མི་ཐུབ་པའི་བྱིས་པ་དེ་རིགས་མི་འདུ) ། བྱིས་པ་སྙོར་སྐྱོང་དང་། སློབ་གསོ། ལྟ་སྐྱོང་གི་ནུས་པ་བཅས་ལྡན་མཁན། གསོ་རིག་གི་ངོས་ནས་བྱིས་པ་བུ་སྐལ་དུ་བླངས་ན་མི་འོས་པའི་ནད་ཕོག་མེད་པ། བྱིས་པ་འཚར་ལོངས་ཁྲོད་མི་ལེགས་པའི་ཁྲིམས་འགལ་ཉེས་བསགས་ཀྱི་ཟིན་ཐོ་མེད་པ། ལོ30ལོན་མཁན། (བཟའ་ཟླ་མེད་མཁན་གྱིས་བྱིས་པ་ཕོ་མོ་གང་རུང་བུ་སྐལ་དུ་ལེན་པ་དང་། བར་དུ་ལོ་བཞི་བཅུ་ཡན་ཆོད་ཅན་མི་རབས་གསུམ་གྱི་རྒྱུད་འབྲེལ་སྤུན་མཆེད་ཀྱི་བྱིས་པ་བུ་སྐལ་བླངས་པ་བཅས་མི་འདུ་བའོ། )བཅས་ཡིན་ནོ།

བྱིས་པ་མེད་པའི་ཁྱིམ་ཚང་གིས་བྱིས་པ་གཉིས་བུ་སྐལ་དུ་བླངས་ཆོག།

བྱིས་པ་ཡོད་པའི་ཁྱིམ་ཚང་གིས་བྱིས་པ་གཅིག་བུ་སྐལ་བླངས་ཆོག (དེའི་ནང་དྭ་ཕྲུག་དང་། ནར་མ་སོན་པའི་དབང་པོ་སྐྱོན་ཅན་ནམ་ཡང་ན་སྤྱི་ཚོགས་ཕན་བདེའི་ལས་ཁུངས་ཀྱིས་སྙོར་སྐྱོང་བྱེད་མཁན་ཕ་མ་ངོ་མ་རྙེད་མི་ཐུབ་པའི་བྱིས་པ་དེ་རིགས་མི་འདུ)

ཆ་རྐྱེན་དེ་དག་འཛོམས་ན་བྱིས་པ་བུ་སྐལ་དུ་ལེན་པའི་འགྲོ་ལུགས་སྒྲུབ་ཆོག

བུ་སྐལ་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་ཞུ་ཡིག་དང་འབྲེལ་ཡོད་ལག་རྟགས། བདེན་དབང་ཡི་གེ་བཅས་སྤྲོད་དགོས་པ་དང་། བུ་སྐལ་ཐོ་འགོད་ལས་ཁུངས་ཀྱིས་ཐོ་འགོད་ཞུ་ཡིག་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་འབྱོར་རྗེས་ཞིབ་བཤེར་བྱེད་སྲིད། ཆ་རྐྱེན་ཚང་བ་དག་གིས་དཔྱད་དཔོག་བྱས་པ་བརྒྱུད་བུ་སྐལ་ཐོ་འགོད་ཀྱི་འགྲོ་ལུགས་སྒྲུབ་ནས་ཐོ་འགོད་ལག་རྟགས་ལེན་ཆོག་པ་དང་། ཐོ་འགོད་བྱས་པའི་ཉིན་ནས་བཟུང་བུ་སྐལ་གྱི་འབྲེལ་བ་ལྡན་ལ། དེ་རྗེས་བུ་སྐུལ་ལེན་མཁན་གྱིས་བུ་སྐལ་དུ་བླངས་པའི་ལག་རྟགས་འཁྱེར་ནས་ཁྱིམ་ཐོའི་ཚན་ཁག་ཏུ་ཁྱིམ་ཐོ་ཐོ་འགོད་སོགས་ཀྱི་འགྲོ་ལུགས་འགྲིམས་ཆོག

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།