ཞིང་ཆེན་ཕྱི་རུ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མས་ཐོབ་ཐང་ལག་ཁྱེར་བོར་བརླག་སོང་ན་ས་གནས་དེ་གར་བསྐྱར་ལེན་བྱེད་ཐུབ་བམ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཀློག་པ་པོ་ཞའོ་ཀྲང་གིས་བློ་འདྲི་བྱས་པར། ཁོ་རང་སུའུ་ཀྲོའུ་རུ་སློབ་གྲྭར་འགྲིམ་བཞིན་ཡོད་ལ། སྟབས་མ་ལེགས་པར་ཐོབ་ཐང་ལག་ཁྱེར་བོར་སོང་བས། ཟི་ལིང་གི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཞིང་ཆེན་ཕྱི་རུ་བོར་རྗེས་ས་ཆ་དེ་གར་དུ་བསྐྱར་ལེན་བྱེད་ཐུབ་མིན་ཤོས་འདོད་ཟེར།

ཟླ6པའི་ཚེས22ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་འབྲེལ་ཡོད་ལས་དོན་མི་སྣར་བློ་འདྲི་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཡུན་རིང་ཕྱི་རུ་ལས་ཀ་གཉེར་བ་དང་། སློབ་སྦྱོང་། འཚོ་བ་རོལ་བའི་མང་ཚོགས་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཚོད་ལོངས་བ་དང་བོར་བརླག་སོང་ན་ཕྱིར་ཁྱིམ་ཐོ་ཡོད་སའི་གནས་སུ་བསྐྱར་ལེན་བྱེད་དུ་སོང་ན་སྟབས་བདེ་མིན་པ་མ་ཟད། ད་དུང་མི་གཞན་གྱིས་བཀོལ་སྤྱོད་བྱེད་པའི་ཉེན་ཁ་སོགས་འཕྲད་འོང་བས། གྲོང་མིའི་ཐོབ་ཐང་ལག་ཁྱེར་བཀོལ་སྤྱོད་སྔར་ལས་བདེ་འཇགས་ཡིན་ཆེད།

སྤྱི་བདེ་པུའུ་ཡིས《སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་ཞིང་ཆེན་ཕྱི་རུ་བོར་བརླག་ཏུ་སོང་བར་ཐོ་འགོད་རེ་ཞུ་དང་བསྐྱར་ལེན་བྱེད་པར་བརྡ་གཏོང་བའི་ལམ་ལུགས་བཟོ་པའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

སྤྱི་བདེ་པུའུ་ཡི་རེ་བ་ལྟར་ན། སྤྱི་དམངས་ཀྱིས་ཞིང་ཆེན་ཕྱི་རུ་ཐོབ་ཐང་ལག་ཁྱེར་བརྗེ་བ་དང་བསྐྱར་ལེན། བོར་བརླག་ཐོ་འགོད་བཅས་བྱས་ཆོག་པ་མ་ཟད། རྒྱུན་སྡོད་ཁྱིམ་ཐོ་ཡོད་ས་ནས་བྲལ་ཏེ་ཞིང་ཆེན་ཕྱི་རུ(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་)ཁྲིམས་མཐུན་གྱིས་ལས་ལ་ཞུགས་པ་དང་། སློབ་གཉེར་བྱེད་པ། གཞིས་སྡོད་བཅས་བྱེད་མཁན་སྤྱི་དམངས་ཀྱིས། རང་ཉིད་སྡོད་སའི་སྤྱི་བདེ་ལས་ཁུངས་སུ་སོང་ནས་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་དང་བསྐྱར་ལེན་རེ་ཞུ་བརྒྱབ་ནས་ཐོབ་ཐང་ལེག་ཁྱེར་ལེན་ཆོག

གཞན་ཡང་། ཐོབ་ཐང་ལག་ཁྱེར་བོར་རྗེས་གྲོང་མིའི་འགྲོ་སྐྱོད་དང་ཞག་སྡོད་ལ་སྟབས་བདེ་བཟོ་ཆེད། ཐོབ་ཐང་ལག་ཁྱེར་བོར་བརླག་དང་རྐུ་འཁྱེར་ཐེབས་པ། ཡང་ན་འཁྱེར་རྒྱུ་བརྗེད་དེ། ལམ་སེང་གནམ་གྲུར་དང་། མེ་འཁོར་། མགྲོན་ཁང་བཅས་གང་རུང་དུ་སྡོད་དགོས་བྱུང་ན། གནམ་ཐང་དང་། མེ་འཁོར་ས་ཚུགས་མངགས་གཏོང་ཁང་། མགྲོན་ཁང་ཁོངས་གཏོགས་མངགས་གཏོང་ཁང་བཅས་ཀྱིས་རྒྱལ་ཡོངས་མི་འབོར་ཆ་འཕྲིན་མ་ལག་ཏུ་ཞིབ་བཤེར་བརྒྱུད་ཆོག་མཆན་ཐོབ་རྗེས། དུས་ཐོག་ཏུ་སྐུ་མགྲོན་ལ་གནས་སྐབས་ཐོབ་ཐང་ལག་ཁྱེར་སྒྲུབ་ནས་ཐེངས་དེའི་གནམ་གྲུ་དང་མེ་འཁོར། མགྲོན་ཁང་བཅས་སུ་སྡོད་ཐུབ་པར་སྟབས་བདེ་བཟོས་འདུག

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།