མདོ་དབུས་ལྕགས་ལམ་ཟི་ལིང་ནས་ན་གོར་མོའི་བར་གྱི་བཟོ་སྐྲུན་འཛུགས་སྐྲུན་མཐོར་འདེགས་སུ་བཏང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས22ཉིན། ཀྲུང་གོའི་ལྕགས་ལམ་མཐོ་སྒང་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་བསྒྲགས་པའི་གཏམ་བཟང་ལྟར་ན། དུས་སྔོན་མའི་རྟོག་ཞིབ་ཞིབ་འཇུག་དང་གཅིག་གྱུར་གྲ་སྒྲིག་བརྒྱུད། མདོ་དབུས་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་གྱི་བཟོ་སྐྲུན་རྒྱུ་སྤུས་མཐོར་འདེགས་དེ་ཟླ6པའི་ཚེས21ཉིན་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། བཟོ་སྐྲུན་དེར་ཁྱོན་བསྡོམས་པས་སྔོན་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར15.47གཏོང་རྩིས་ཡོད་ལ། འཛུགས་སྐྲུན་འཆར་གཞིའི་བཟོ་སྐྲུན་དུས་ཡུན་ལོ་གཅིག་དང་ཕྱེད་ཀ་ཡིན། རྣམ་གྲངས་འཛུགས་སྐྲུན་ཡོངས་འགྲུབ་བྱུང་རྗེས། ཟི་ལིང་ནས་ན་གོར་མོའི་བར་གྱི་མེ་འཁོར་འཁོར་རྒྱུག་གི་དུས་ཚོད་དེ་ཆུ་ཚོད5ཡི་ནང་ཚོད་འཛིན་བྱེད་ཐུབ་ལ། གནས་སྟངས་དེའི་འོག་ཆེས་མགྱོགས་པའི་མེ་འཁོར་འཁོར་རྒྱུག་གི་དུས་ཡུན་ཆུ་ཚོད1.4ཡིན། དེས་སྔར་ལས་ལྷག་པའི་སྒོ་ནས་མདོ་དབུས་ལྕགས་ལམ་རྒྱུད་ཀྱི་ལམ་ཐིག་གི་འགྲུལ་སྐྱེལ་སྒྲིག་ཆས་དང་ལྕགས་ལམ་སྐྱེལ་འདྲེན་རྒྱ་སྐྱེད་ཐད་བྱེད་ཐབས་ནུས་ལྡན་མཁོ་སྤྲོད་བྱས་ཡོད་ལ། ཚད་ངེས་ཅན་གྱི་སྟེང་ནས་མདོ་དབུས་ལྕགས་ལམ་གྱི་ལམ་ཐིག་འཁོར་སྐྱོད་དང་ནུས་ཆོད་མཐོ་རུ་བཏང་ཡོད།

རྒྱུས་ལོན་པ་ལྟར་ན། མདོ་དབུས་ལྕགས་ལམ་ནི་མདོ་དབུས་མཐོ་སྒང་དང་ནང་ལོགས་གཞི་གཅིག་ཏུ་སྦྲེལ་བྱེད་ཀྱི་ལྕགས་ལམ་ཉག་གཅིག་ཡིན། དེའི་ཁྲོད་མདོ་དབུས་ལྕགས་ལམ་གྱི་དུས་རིམ་དང་པོའི་བཟོ་སྐྲུན་དེ་ཟི་ལིང་ནས་ན་གོར་མོའི་བར་གྱི་ལམ་རྒྱུད་དང་སྤྱིའི་རིང་ཚད་ལ་སྤྱི་ལེ816.5ཡོད། 1958ལོར་འཛུགས་སྐྲུན་འགོ་བརྩམས་ཤིང1984ལོར་དངོས་སུ་ཡོངས་འགྲུབ་བྱུང་སྟེ་བེད་སྤྱོད་བྱས། མདོ་དབུས་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ནི་ལྕགས་ལམ་དེས་རང་ཞིང་གི་མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ། མཚོ་བྱང་ཁུལ་བཅས་བརྒྱུད་ཡོད། ལོ་འདི་དག་གི་རིང་ལ་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་མགྱོགས་མྱུར་ངང་ཇེ་མཐོར་སོང་ལ། མཚོ་སྔོན་དང་བོད་ལྗོངས་ཞིང་ཆེན་གཉིས་བར་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་གལ་ཆེན་དང་བསྟུན་ནས། མདོ་དབུས་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་རྒྱུད་ཀྱི་འཁོར་རྒྱུག་དེའི་བླང་བྱ་སྔར་ལས་ཆེས་ཆེར་བཏོན་པ་དང་ལམ་ཐིག་ཡོངས་ཀྱི་བཅོས་སྒྱུར་རིམ་སྤར་དེ་ཡང་གནས་སྟངས་གལ་ཆེན་འོག་གནས་ཡོད།

མདོ་དབུས་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་རྒྱུད་ཀྱི་ལམ་བུ་དེ་ཞིག་གསོ་བྱེད་པའི་དུས་ཡུན་ཅུང་སྔ་ཞིང་སྐབས་དེའི་བཟོ་སྐྲུན་གྱི་ཆ་རྐྱེན་དང་འཕྲུལ་ཆས། ཁོར་ཡུག་གི་ཆ་རྐྱེན་སོགས་ལ་ཚད་བཀག་ཐེབས་པའི་ཤུགས་རྐྱེན་འོག་ལྕགས་ལམ་ལག་རྩལ་གྱི་ཚད་གཞི་དང་བཟོ་སྐྲུན་ཆུ་ཚད་ལ་ཡང་ཚད་བཀག་ངེས་ཅན་བྱུང་ཡོད། དེ་ཡང་ཐེངས་མང་པོར་རིམ་སྤར་བྱས་ན་ཡང་ད་ལྟའི་ཆར་མྱུར་ཚད་སྤྱི་ལེ120དང་སྤྱི་ལེ140ཅན་གྱི་སྤྱིར་བཏང་གི་མེ་འཁོར་འཁོར་རྒྱུགས་བྱེད་ཐུབ། ཡིན་ཡང་ལམ་རྒྱུད་ཀྱི་རྨང་གཞི་དང་ཟམ་གདོང་རིམ་པ་ལ་བྱེ་རླུང་དང་ཚྭ་འགྱུར་གྱི་གནོད་འཚེ་ཐེབས་ཤིང་། འདམ་ར་ཡོད་སའི་ལམ་རྒྱུད་ལ་གནོད་འཚེ་ཡི་གནད་དོན་ཆེན་པོ་འབྱུང་བཞིན་ཡོད་པས། ལྕགས་ལམ་སྟེང་མེ་འཁོར་འཁོར་རྒྱུགས་བྱེད་པའི་ཐད་ལ་ཡོངས་ཁྱབ་ནས་ཚད་བཀག་ངེས་ཅན་ཐེབས་ཡོད་པས་རིམ་སྤར་མཐོར་འདེགས་བྱ་དགོས། ཐེངས་འདིའི་མདོ་དབུས་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་གྱི་རིམ་སྤར་བཟོ་སྐྲུན་བྱ་རྒྱུའི་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ760ཡོད་པ་དང་འཆར་འགོད་ཇུས་གཞིའི་ཁྲོད་ཕྱོགས་གཅིག་ནས་ལམ་ཧྲིལ་བོའི་རྨང་གཞི་ལ་གྲང་ངར་གྱི་གནོད་པ་དང་ཚྭ་འདྲེས་ཀྱི་གནོད་འཚེ། བྱེ་རླུང་གི་གནོད་འཚེ་སོགས་བྱུང་ཡོད་པས་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱ་དགོས། ཕྱོགས་གཞན་ཞིག་ནས་ཡུལ་སྐོར་པ་སྐྱེལ་འདྲེན་བྱེད་ཡུལ་ཅུང་མང་པོའི་སྟོང་སྐོར་དང་མདའ་བཞི། ཝུའུ་ལན། གཏེར་ལེན་སོགས་བར་མཚམས་ས་ཚུགས་ཀྱི་འགྲུལ་སྐྱེལ་སྒྲིག་ཆས་ཡང་ཁ་སྣོན་བྱ་དགོས། དེའི་ཁྲོད་མདའ་བཞི་ས་ཚུགས་ལ་སྨི་གྲུ་བཞི་མ2000གི་ལྕགས་ལམ་འབབ་ཚུགས་ཁང་བ་དང་གཏེར་ལེན་ཁ་འབབ་ཚུགས་སུ་སྨི་གྲུ་བཞི་མ12000རྒྱ་སྐྱེད་རྒྱུ་རེད། དེ་དང་ཆབས་ཅིག་མེ་འཁོར་འདུག་སའི་ས་ཚུགས་ཀྱི་ཆར་འགོག་དང་འབབ་སྟེགས། རླངས་འཁོར་རྒྱུད་ཀྱི་རྨང་གཞིའི་བཟོ་སྐྲན་དང་རང་འགུལ་ཅན་གྱི་ཕྱོགས་བསྡུས་བརྡ་འཕྲིན་དོ་དམ་མ་ལག་སོགས་འབྲེལ་ཡོད་སྒྲིག་ཆས་དག་ལ་ཁྱོན་ཡོངས་ནས་རིམ་སྤར་བྱ་རྒྱུ་ཡིན་ལ། མདོ་དབུས་ལྕགས་ལམ་ཟི་ལིང་ནས་ན་གོར་མོའི་རྒྱུད་ཀྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ160ཅན་གྱི་མེ་འཁོར་ཚོགས་འཁོར་རྒྱུགས་ཐུབ་པར་རྨང་གཞི་བརྟན་པོ་འདིངས་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།