བརྗོད་དོན་གཙོ་བོ་བདུན་གྱི་བྱ་འགུལ་གྱིས་སྐབས་བཅུ་དགུ་པའི་ནུབ་བྱང་ཞིང་ལྗོངས་ལྔའི་མཛའ་གཞས་སྤྲོ་སྟོན་འཚོགས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས2ཉིན་ནས་ཚེས19ཉིན་བར། མི་དམངས་ཉེན་སྲུང་རྟགས་མའི་སྐབས་བཅུ་དགུ་པའི་ནུབ་བྱང་ཞིང་ལྗོངས་ལྔའི་མཛའ་གཞས་སྤྲོ་སྟོན་དེ་རང་ཞིང་དུ་འཚོག་རྒྱུ་རེད།

ཐེངས་འདིའི་མཛའ་གཞས་སྤྲོ་སྟོན་དེས་ནུབ་བྱང་ཡུལ་དུ་མེ་ཏོག་རྣམ་པར་བཞད། ཚོགས་ཆེན་ཉི་ཤུ་སྤྲོ་པས་བསུ་ཞེས་པ་བརྗོད་དོན་དུ་བཟུང་ཡོད་ལ། མཛའ་གཞས་འགྲན་སྡུར་ལ་ཞུགས་པའི་གླུ་བ་དང་མགོ་ཚུགས་མཛད་སྒོ། ས་ཁུལ་སོ་སོའི་མཛའ་གཞས་སྤྲོ་ཚོགས་ཡན་ལག་ཚོགས་ར། གཟུགས་འདས་ཤུལ་བཞག་མཛེས་ལྗོངས་ཁུལ། བརྙན་ཐུང་འགྲན་སྡུར། ཆེད་བརྗོད་རིག་གནས་ཡུལ་སྐོར་མཛད་སྤྱོད་བྱང་བུ་འགྲེམས་པ། མང་ཚོགས་སྒྱུ་རྩལ་དཔར་འགྲེམས། ནུབ་བྱང་ཞིང་ལྗོངས་ལྔའི་མཛའ་གཞས་འཁྲབ་ལེན་སོགས་བརྗོད་དོན་ཆེན་པོ་བདུན་གྱི་བྱ་འགུལ་འདུས་ཡོད། བྱ་འགུལ་གྱི་དུས་ཡུན་ཅུང་རིང་ཞིང་ནང་དོན་ངོ་མཚར་ལྡན་ལ། རྣམ་པ་གསར་པ་དང་ཁྱབ་རྒྱ་ཆེ། ཚོགས་ར་གཙོ་བོ་དེ་མཚོ་ཤར་གྲོང་ཁྱེར་གཞོང་ཐང་རྫོང་ཆི་ལེ་བདུན་པའི་མེ་ཏོག་གི་རྒྱ་མཚོའི་ལྗོངས་ཁུལ་དུ་སྤེལ་རྒྱུ་ཡིན་ལ། དེ་མིན་མཚོ་ཤར་གྲོང་ཁྱེར་གྱི་ལུང་མདོ་ས་ཁུལ་དང་དམར་གཙང་ས་ཁུལ། ཧོར་གྲོང་རྫོང་། ཟི་ལིང་གྲོང་ཁྱེར་ཙོང་ཁ་ས་ཁུལ། སྟོང་སྐོར་རྫོང་། རྟ་ཐང་རྫོང་། མཚོ་བྱང་ཁུལ་རྒྱ་མདོ་རྫོང་། མཚོ་ལྷོ་ཁུལ་གྱི་ཁྲི་ཀ་རྫོང་། རྨ་ལྷོ་ཁུལ་གྱི་ཐུན་རེན་གྲོང་ཁྱེར་སོགསAAAརིམ་པ་ཡན་གྱི་ལྗོངས་ཁུལ་དུ་སྤེལ་རྒྱུ་ཡིན་ལ། མཛའ་གཞས་སྤྲོ་ཚོགས་ཡན་ལག་ཚོགས་ར་ཡང་ཡོད། མཛའ་གཞས་མཛེས་ལྗོངས་ལ་སྦྲེལ་བ་དང་སྤྱི་གཞུང་རིག་གནས་ཡུལ་སྐོར་ལ་སྦྲེལ་བ། ཁྱོན་ཡོངས་ནས་མཛའ་གཞས་ཀྱི་ཉམས་ཞིབ་གསར་པ་སིམས་སུ་འཇུག་པ། བྱ་འགུལ་གྱི་སྐབས་སུ་མཛད་སྤྱོད་བྱང་བུ་ཁྲི་བརྒྱ་དམངས་ཡོངས་ལ་བྱིན་པ་རེད། མེ་ཏོག་གི་རྒྱ་མཚོའི་ཡུལ་སྐོར་གདན་ཞུས་དང་ལོངས་སྤྱོད་མཚམས་མི་འཇོག་པ། སྙན་ངག་དང་རྒྱང་རིང་མཉམ་སྤྱོད་བྱས།

མཛའ་གཞས་ནི་མ་གཞི་ནས་སེམས་ཀྱི་སྐད་ཆ་ཡིན་ལ། རང་ལ་མི་ལེན་རང་དབང་མེད། མཛའ་གཞས་ནི་རང་རྒྱལ་ནུབ་བྱང་ས་ཁུལ་དུ་ལེན་པ་རྒྱུགས་ཆེ་བའི་དམངས་གཞས་ཀྱི་གནས་སྟངས་ཤིག་སྟེ། སེམས་སྤྲོ་བའི་ངང་ནས་ལེན་པ་དང་བརྩེ་སེམས་མཚོན་དུ་འཇུག་ཤིང་གསོན་ཉམས་ལྡན། དབྱངས་རྟ་ཕུན་སུམ་ཚོགས། 2006ལོར་རིམ་པ་དང་པོའི་ཀྲུང་གོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དཀར་ཆག་ཁྲོད་བཅུག 2009ལོར་མཉམ་འབྲེལ་རྒྱལ་ཚོགས་བསླབ་གཞིའི་རྩ་འཛུགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དཀར་ཆག་ཁྲོད་བཞག

ནུབ་བྱང་ཞིང་ལྗོངས་ལྔའི་མཛའ་གཞས་སྤྲོ་ཚོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གཞིར་བཟུང་སྟེ། མི་དམངས་སྲོག་ཤིང་དུ་འཛིན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མཛའ་གཞས་འཆིང་ཐག་དུ་བཅིངས་ནས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཡོད། ནུས་ཤུགས་གང་ཡོད་ཀྱིས་མཛའ་གཞས་ཀྱི་ཚོང་རྟགས་གསར་སྐྲུན་བྱས་ལ། སྤྱི་ཕན་རིག་གནས་ཞབས་ཞུའི་སྤུས་ཚད་དང་སྣ་མང་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། རིག་གནས་ཡུལ་སྐོར་ཁེ་ལས་སླར་གསོའི་འཕེལ་རྒྱས་ལ་རོགས་འདེགས་ཀྱིས་ཡུལ་སྐོར་ཐོན་རྫས་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་བཏང་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རིག་གནས་ཡུལ་སྐོར་ཞབས་ཞུ་སྔར་ལས་མང་པོ་ཞིག་མཁོ་སྤྲོད་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་གྱི་རིག་གནས་རམ་འདེགས་གསར་སྐྲུན་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།