【རྒྱང་བསྐྱོད་གསར་པར་འབད་པས་བསྐྱོད། དུས་རབས་གསར་པར་ལག་རྗེས་འཇོག】མཚོ་སྔོན་མཐོ་སྒང་གི་ཞིང་ཕྱུགས་ལས་ཐོན་ལས་ཚོགས་ལ“སྐྱེ་སྟོབས”ཀྱི་དཔལ་འབར།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱི་ཁྱད་ཆོས་དང་། སྣོད་བཅུད་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་མཚོ་སྔོན་གྱི་འཛིན་མའི་གཞིར། ནོར་ནག་དང་། བོད་ལུག སྐེ་ཚེ། ནས། མཐོ་སྒང་གི་ཉ། ཚྭ་འདམ་གྱི་འཕང་འབྲས་སོགས་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཀྱི་ཐོན་རྫས་དང་གྲགས་ཆེ་བའི་ཐོན་ཁུངས་མི་ཉུང་བ་ཞིག་སྦྲུམ་ཡོད་ལ། ཚུལ་དེ་མི་མང་པོས་ཤེས་ཏེ། ཚོང་རྟགས་སུ་བཀོད་ཅིང་ཕྱོགས་བཅུར་བསྒྲགས་ནས་ཞིང་འབྲོག་པའི་འབབ་འཕར་ལ་འགན་སྲུང་བྱེད་ཀྱི་ཡོད། དར་རྒྱས་ཆེན་པོ་བྱུང་བཞིན་པའི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་ཚོགས་འདི་དག་ནི“མཚོ་སྔོན་རྟགས་ཅན”གྱི་ཚོང་རྟགས་བཏོད་པའི་རྒྱུ་དང་སྟོབས་ཤུགས་གཙོ་བོ་ཡིན་ལ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་གོང་སྤེལ་ཐད་སྤོས་པའི་གོམ་པ་གལ་ཆེན་ཡང་རེད།

2020ལོར་མཚོ་སྔོན་གྱི་ནོར་ནག་ཐོན་ལས་ཚོགས་ཞིང་ལས་ཞིང་གྲོང་པུའུ་དང་། ནོར་སྲིད་པུའུ་ཡིས་ཆོག་མཆན་ཐོག་འཛུགས་སྐྲུན་བྱས་པའི་ཁྱད་ལྡན་ཐོན་ལས་ཚོགས50ཡི་གྲས་སུ་བླངས་ལ། དེ་ནི་མཚོ་སྔོན་གྱི་ཐོན་ལས་ཚོགས་འཛུགས་སྐྲུན་གྱི་ཐོག་མ་ཡིན།

2021ལོར་མཚོ་སྔོན་གྱི་བོད་ལུག་ཡང་དེ་ལྟར“རྒྱལ་ཁབ་ཀྱི་དཔུང་སྡེ”རུ་ཚུད་དེ། མཚོ་སྔོན་གྱི་བོད་ལུག་ཐོན་ལས་འཕེལ་རྒྱས་ལ“གཤོག་པ”སྤྲད།

ད་ལོར་མཚོ་སྔོན་གྱི་སྐེ་ཚེ་ཐོན་ལས་ཡང་ཐོན་ལས་ཚོགས་གོང་སྤེལ་གྱི་རླབས་རྒྱུན་དང་འགྲོགས་པའི་གོ་སྐབས་བྱུང་ནས“མཚོ་སྔོན་རྟགས་ཅན”གྱི་ཚོང་རྟགས་བཏོད་པའི་ལས་ལ་ཤུགས་རྒྱག་བཞིན་ཡོད། དེ་དག་ལས་མཚོ་བོད་མཐོ་སྒང་གི་ཞིང་ལས་ཐོན་ལས་ཚོགས་འདི“དཔྱིད་ཀྱི་མྱུ་གུ་བཞིན་འཚར་ལོངས”འབྱུང་བཞིན་པའི་སྒང་ན་ཡོད་པ་ཤེས་ཐུབ་ལ། རང་རེའི་ཞིང་ཆེན་འདི་ཉིད་འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སར་བསྒྱུར་བའི་གནད་འགག་གི་དུས་ཤིག་ཡིན་པ་ཡང་རྟོགས་ཐུབ།

སྐེ་ཚེ་འདེབས་འཛུགས་རྟེན་གཞི།

མཚོ་སྔོན་གྱི་ནོར་ནག་ཐོན་ལས“འཕེལ་རྒྱས”བྱུང་བཞིན་པ། 

མཚོ་སྔོན་མདོ་ལ་དབྱི་ཏཱ་ཟོག་ཤ་ཐོན་སྐྱེད་ཚད་ཡོད་ཀུང་སི་ནི་སྣེ་འཁྲིད་ཁེ་ལས་དང་མདོ་ལ་རྫོང་གི་ཟོག་ལུག་བཤས་ར་གཉེར་སྐྱོང་དང་ཤ་ཟས་རིགས་བཟོ་སྣོན་བྱེད་མཁན་གྱི་ཁེ་ལས་ཆེ་གྲས་ཤིག་པས་ས་གནས་དེའི་འབྲོག་པའི་ཟོག་ལུག་གསོ་སྤེལ་ལ་མ་མཐའི་འགན་སྲུང་གི་ནུས་པ་ཐོན་ཡོད། ཀུང་སི་དེས་ཁྲོམ་ར་རྒྱ་བསྐྱེད་ཆེད་ཟོག་ཤའི་ཐོན་རྫས་བཟོ་སྣོན་ཐོན་སྐྱེད་ཀྱི་འབྲེལ་རྒྱུན་ཕྱིར་བསྐྱངས་ཏེ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་བ་མ་ཟད། གཉེར་སྐྱོང་བྱེད་ཐབས་གསར་དུ་བཏོད་པར་བརྟེན་འཛད་སྤྱོད་ཁྲོམ་རས་ཀྱང་མདོ་ལའི་ཞིང་ཕྱུགས་ཐོན་རྫས་ལ་ཁས་ལེན་གང་ལེགས་ཐོབ་པར་མ་ཟད། ས་གནས་ཀྱི་ཞིང་འབྲོག་ཐོན་ལས་ཀྱི་འབྲེལ་རྒྱུན་ལེགས་པོར་བསྐྱངས་པར་སྐུལ་འཁྲིད་བྱས་པས་ཞིང་འབྲོག་གི་ཡོང་འབབ་ཡང་ཇེ་མང་དུ་ཕྱིན།

ང་ཚོའི་ལོའི་ཆ་སྙོམས་སུ་སྐམས་ཁྲི2བཤས་རར་བཙོངས་པ་ཡིན། དེ་གཙོ་བོ་ཀུང་སི་དང་མཉམ་ལས་ཁང་(ཁྱིམ་ཚང་གི་ཕྱུགས་ར)། ཞིང་འབྲོག་ཁྱིམ་ཚང་། བཟོ་སྣོན་སྤུས་ལེགས་མཉམ་འབྲེལ་གྱི་ཐབས་ལ་བརྟེན་ནས་རྫོང་ཁོངས་ཀྱི་གསོ་སྤེལ་མཉམ་ལས་ཁང་བར་སྐྱེ་ལྡན་ཟོག་ཤ་བསྡུ་ཉོ་ཕྱོགས་ནས་གྲོས་ཆིངས་བཞག་པ་ཡིན་ལ། དེ་ནས་བསྡུ་ཉོ་རིན་གོང་ཇེ་མཐོར་བཏང་བ་དང་སྐྱེལ་འདྲེན་གྱི་འགྲོ་སོང་རིམ་པ་ཐག་གཅོད་སོགས་ཀྱི་སྒོ་ནས་ས་གནས་ཀྱི་ཞིང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་བཏང་བ་ཡིན་ཞེས་མཚོ་སྔོན་མདོ་ལ་དབྱི་ཏཱ་ཟོག་ཤ་ཐོན་རྫས་ཐོན་སྐྱེད་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཀྲི་མིང་ལུ་ཡིས་དེ་སྐད་ཟེར་ལ། ཡང་ཁོས་ང་ཚོས་ཐོན་རྫས་རྣམས་དྲ་ཐོག་དང་དྲ་འོག་གཉིས་ཀར་ཤུགས་བརྒྱབ་ནས་ཀྲུང་གོའི་ཤར་ཕྱོགས་ས་ཁུལ་གྱི་ཁྲོམ་རར་བཀྲམས་པ་ཡིན་ཟེར།

ཉེ་བའི་ལོ་རིང་ལ། རང་རེའི་ཞིང་ཆེན་གྱིས་སྐམས་ཤའི་ཐོན་ལས་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་འབྲེལ་ནས་ནོར་ནག་ཉིད་མཚོ་སྔོན་ཁོངས་གཏོགས་ཀྱི་དགེ་མཚན་ལྡན་པའི་ཐོན་ལས་སུ་གྱུར། ད་ལྟ་མཚོ་སྔོན་གྱི་ནོར་ནག་གསོ་སྤེལ་དང་། སྐམས་ཤ་བཟོ་སྣོན། བྲིན་འཚོང་གཞི་གཅིག་ཅན་གྱི་མ་ལག་ཐོག་མར་གྲུབ་ཏེ། ནོར་ནག་དང་འབྲེལ་བའི་ཐོན་རྫས་རིགས200ལྷག་ལ་བསླེབས་ཡོད་པ་དང་། གནོད་འཚེ་དང་བྲལ་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན། ད་སྔའི་བར་དུ། རྒྱལ་ཁབ་རིམ་པའི་སྣེ་འཁྲིད་ཁེ་ལས6དང་། ཞིང་ཆེན་རིམ་པའི་སྣེ་འཁྲིད་ཁེ་ལས7། གྲོང་ཁྱེར་རིམ་པའི་སྣེ་འཁྲིད་ཁེ་ལས14། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང129ནོར་ནག་གི་ཁྱད་ལྡན་ཐོན་ལས་ཚོགས་འཛུགས་སྐྲུན་ཁྲོད་ཞུགས་ཡོད་ལ། དེ་དག་གིས་ཐད་ཀར་ཞིང་ཁྱིམ་ཁྲི1.15ལ་སྐུལ་འཁྲིད་བྱས་ཏེ། ཐོན་ཚོགས་ཚོགས་སུ་ཞུགས་པའི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་འབབ་སྒོར1843ཇེ་མང་དུ་ཕྱིན།

སྣེ་འཁྲིད་ཁེ་ལས་ཀྱིས་སྣེ་འཁྲིད་པ་ལས་གཞན། ནོར་ནག་སྤུས་ལེགས་གསོ་སྤེལ་ནི་ཁྱད་ལྡན་ཐོན་ལས་ཚོགས་གོང་སྤེལ་དང་འབྲོག་པ་ཕྱུག་ལམ་དུ་འགོད་པའི་ཐབས་ལམ་གལ་ཆེན་གྲས་ཀྱི་གཅིག་ཡིན།

བཅུད་ལྡན་གཟན་རིགས་སྡེབ་བཟོ་ནས་ཟོག་རྒྱུད་བཟང་པོ་གསོ་སྤེལ། རིམས་ནད་འགོག་ཟོན་ནས་ཕན་ལྡན་གསོ་སྤེལ། གཟན་རྩྭ་འདེབས་འཛུགས་བཅས་བར་གྱི་བརྒྱུད་་རིམ་ཁྲོད་ཀྱི་མཁོ་བའི་གནད་འགག་གི་ལག་རྩལ་ལམ་ལྷུང་བྱུང་བས། མདོ་ལ་རྫོང་གི་གྲ་དམར་ཡུལ་ཚོའི་ཆུ་ཤར་གྲོང་ཚོའི་ནོར་ནག་ཐོན་ལས་ཀྱི་ཡོང་འབབ་འཕར་སྣོན་དང་ཕན་འབྲས་ཇེ་ལེགས་སུ་ཕྱིན། ཆུ་ཤར་གྲོང་ཚོའི་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་པ་ཀའོ་ཧྲོའུ་ཡུན་གྱིས་འདི་སྐད། “ང་ཚོས་སྤུས་ལེགས་གསོ་སྤེལ་གྱི་ལག་རྩལ་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྤེལ་གཞི་བྱས།  ཐོན་སྐྱེད་ཀྱི་མི་མངོན་ནུས་ཤུགས་སྔོག་འདོན་ཐད་ཤུགས་བརྒྱབ་ཏེ། ནོར་ནག་དག་མ་གསོ་སྤེལ་གྱི་ལག་རྩལ་ཁྱབ་གདལ་དང་ཐོན་སྐྱེད་རྒྱུ་ཆ་ལེགས་སྒྲིག་བཅས་བྱས་ནས་མཉམ་ལས་ཁང་གོང་ནས་གོང་དུ་འཕེལ་བའི་དགེ་མཚན་ཁོ་ནར་བསྒྱུར་བ་ཡིན་ཟེར།

ཤེས་གསལ་ལྟར་ན། ནོར་ནག་ཐོན་ལས་ཀྱི་ལག་རྩལ་འདེགས་སྐྱོར་ལ་ཤུགས་བསྣན་ཆེད། མཚོ་སྔོན་གྱིས་མཚོ་སྔོན་ཞིང་ཆེན“དྲ་རྒྱ+”ཞེས་པའི་མཐོ་སྒང་གི་ཁྱད་ལྡན་རིག་ནུས་ཞིང་ཕྱུགས་ལས་ཀྱི་གཞི་གྲངས་ཆེན་མོའི་མཛོད་བཙུགས་པ་དང་མཉམ་དུ། ཞིང་ཆེན་ཕྱུགས་སྨན་སློབ་གླིང་དང་། ཞིང་ཆེན་ཕྱུགས་ཟོག་སྤྱི་ཁྱབ་ས་ཚིགས། ཞིང་ཆེན་རྟ་ཐང་ཕྱུགས་ར་སོགས་ཞིང་ཆེན་རིམ་པའི་ལག་རྩལ་གསར་སྤེལ་དང་ཁྱབ་གདལ་ལས་ཁུངས་ལ་གཞི་བཅོལ་ནས་ནོར་ནག་དང་བོད་ལུག་ཐོན་ལས་ལག་རྩལ་ལེགས་བསྒྱུར་གྱི་ལྟེ་གནས་སྡིངས་ཆ་བཙུགས་ལ། དེར་ཞིང་ཆེན་རིམ་པའི་ཐོན་ལས་ལག་རྩལ་ལེགས་བསྒྱུར་རྟེན་གཞི5དང་། ཐོན་ལས་ལག་རྩལ་དཔེ་སྟོན་རྟེན་གཞི27། རྫོང་འབྲེལ་ཐོན་ལས་གཙོ་བོ4། ཐོན་ལས་ལག་རྩལ་སློབ་སྟོན་རྫོང14བཅས་ཡོད་པས། རྒྱལ་ཡོངས་ཀྱི་ཚན་རིག་དང་མཐུན་པའི་སྒོ་ནས་ནོར་ནག་རྒྱུད་སྤེལ་དང་གསོ་སྤེལ་ལྟ་ཞིབ་ཚད་འཇལ་ཉམས་ཞིབ་ས་ཚིགས་ཐོག་མར་གྱུར།

“ས་གནས་ཁྱད་ཆོས”ནས“ཐོན་ལས་ཆེན་མོར”གྱུར་བ་དང་། “ཆ་ཤས་ནས”“ཐོན་ལས་ཚོགས་སུ་འཕེལ་བའི”བརྒྱུད་རིམ་ཁྲོད། མཚོ་སྔོན་ནོར་ནག་གི་ཁྱད་ལྡན་ཐོན་ལས་ཚོགས་ཀྱི་འགྲན་རྩོད་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་དང་། འབབ་འཕར་དང་མཉམ་ལས་ཀྱི་གོ་སྐབས་ཇེ་མང་ནས་ཇེ་མང་། ཞིང་ལས་ཀྱི་ཁྲོམ་ར་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ནས་ནོར་ནག་ཐོན་ལས་གོང་སྤེལ་དང་འབབ་འཕར་གྱི་ཐབས་ལམ་མང་པོ་བཏོན།

མཚོ་སྔོན་གྱི་བོད་ལུག་ཐོན་ལས“འཕེལ་རྒྱས”བྱུང་བཞིན་པ། 

“ཁྱིམ་ཚང་རེ་ལ་ཟོག་ལུག་ཡོད་ན། ཡོང་འབབ་མི་སྤར་རང་འཕར་ཡིན”ལོ་དུ་མའི་རིང་ལ། བོད་ལུག་ཐོན་ལས་དར་རྒྱས་ཆེན་པོ་བྱུང་བའི་བབ་དང་བསྟུན་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གི་ལུག་ནག་གིས་ཡུལ་དེའི་འབྲོག་པ་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན། འབྲོག་པའི་མིག་ནང་གི“མུ་ཏིག་ནག་པོ”དེ་དག་ད་ལྟ་ཡོ་རོབ་དང་ཀྲུང་གོའི་ཧྥང་ཡུན་མཚོན་རྟགས་ངོས་འཛིན་སྡེ་ཤོག་སྐྱེ་ལྡན་ཐོན་རྫས་ཀྱི་དཔང་བདེན་ར་སྤྲོད་ཐོབ་ནས་རྒྱལ་ཁབ་ཀྱི་ས་གཤིས་མཚོན་རྟགས་སྲུང་ཡུལ་གྱི་ཐོན་རྫས་སུ་གྱུར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཡུལ་ཚོའི་གཉན་རྭ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་གསོ་ཚགས་བྱེད་པའི་བོད་ལུག་གིས་ལོ་རེར་མཉམ་ལས་ཁང་ལ་སྒོར་ཁྲི་བརྒྱ་ཕྲག་ལ་ཉེ་བའི་ཁེ་སྤོགས་བསྐྲུན་གྱི་ཡོད།

བོད་ལུག་ནི་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྒོ་ཟོག་རིགས་ཤིག་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་གསོ་ཚགས་གྲངས་འབོར་ཁྲི1200ཡན་དུ་གཏན་འཇགས་སུ་གནས་ནས་རྒྱལ་ཡོངས་ཀྱི40%ཟིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་འདེགས་སྐྱོར་ཐོན་ལས་དང་རྨང་གཞིའི་ཐོན་ལས་ཡིན་ལ། རྒྱལ་ཡོངས་ཀྱི་བོད་ལུག་ཐོན་སྐྱེད་ཁུལ་གཙོ་བོ་ཡང་ཡིན་པས། མཚོ་སྔོན་གྱི་ཕྱུགས་ལས་གོང་སྤེལ་ཁྲོད་གོ་གནས་གལ་ཆེན་ཟིན་པ་དང་། མཚོ་བོད་མཐོ་སྒང་གི་རྩྭ་སའི་སྐྱེ་ཁམས་དོ་མཉམ་སྲུང་སྐྱོབ་ཐད་ནུས་པ་གལ་ཆེན་ཐོན།

2021ལོར་ཞིང་ཆེན་ཏང་ཨུའི“ཡིག་ཆ་དང་པོ”ཡི་ནང་། བོད་ལུག་སོགས་ཐོན་ལས་སྤུས་ལེགས་པའི་སྒོ་ནས་གོང་སྤེལ་དང་། དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་ཚོགས་འཛུགས་སྐྲུན་གྱི་གོམ་ཁ་ཇེ་མགྱོགས་སུ་གཏང་དགོས་པའི་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་སྟེང་།  བོད་ལུག་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐོན་ལས་གོང་སྤེལ་གཙོ་བོར་གྱུར་བའི་ཁྱད་ཆོས་ལྡན་པའི་ཐོན་ལས་ཆེན་པོ་བཅུ་དང་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཆེན་པོ་བཞིའི་ཚོང་རྟགས་གྲས་སུ་བླངས།

ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་དེ་ལྟར་བོད་ལུག་ཐོན་ལས་ལ་མཐོང་ཆེན་ཚད་མེད་གནང་ཞིང་། དེས་བོད་ལུག་ཐོན་རྫས་སྤུས་ལེགས་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་དགེ་མཚན་བཟང་པོ་ཞིག་འདོན་སྤྲོད་བྱས་ཡོད་པར་མ་ཟད། ཐོན་ལས་ལྷད་མེད་ཅན་དང་སྤུས་ལེགས་ཅན། ཚོང་རྟགས་ཅན་གོང་སྤེལ་ལ་འདེགས་སྐྱོར་ཤུགས་ལྡན་བྱས་ཡོད།

2019ལོར་ང་ཚོས་པེ་ཅིང་དུ་ཚྭ་ཁའི་ལུག་ཤ་དང་མཚོ་སྔོན་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་བྲིན་འཚོང་ཁང་ཞིག་བཙུགས་ཏེ། པེ་ཅིང་དང་ཧྲེན་ཀྲེན་སོགས་གྲོང་ཁྱེར་གྱི་སྐུ་མགྲོན་བར་རྒྱུན་གཏན་གྱི་ཐོན་རྫས་འོས་སྦྱོར་དང་བྲིན་འཚོང་འབྲེལ་བ་བཙུགས་པར་ཡུལ་དེའི་འཛད་སྤྱོད་པས་ཚྭ་ཁའི་ལུག་ཤ་ལ་ཁས་ལེན་གང་ལེགས་གནང་སོང་ཞེས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་ཚྭ་ཁ་གྲོང་རྡལ་ཅིན་ཐའེ་ཕྱུགས་རའི་འགན་ཁུར་བ་ཧན་ཝན་ཅའེ་ཡིས་འདི་ལྟར་བརྗོད། ད་ལྟ་ཚྭ་ཁའི་ལུག་ཕྱིར་འཚོང་གི་གྲངས་འབོར25000ལ་བསླེབས་ཤིང་། ཐོན་ལས་ཚན་རིག་ཅན་དང་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་ནས་འདེབས་འཛུགས་དང་གསོ་སྤེལ། བཟོ་སྣོན། འཁྱགས་ཉར། བྲིན་འཚོང་བཅས་གཞི་གཅིག་ཏུ་སྦྲེལ་བའི་ཐོན་སྐྱེད་བྱེད་སྟངས་ཆགས་ཡོད་ཟེར།

ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་ཞིང་གྲོང་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲའོ་ཏེ་ལིན་གྱིས་འདི་སྐད།“རང་ཞིང་གི་བོད་ལུག་ཐོན་ལས་དེ་ཁྱད་ཆོས་དང་དགེ་མཚན་ཅི་རིགས་མངོན་པར་གསལ་ཞིང་། ཐོན་ལས་སྒྲིག་གཞི་ལུགས་དང་མཐུན་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཐུབ་པ། ཁེ་ཕན་འབྲེལ་བ་དམ་པོ་ཡིན་པ། གཞི་ཁྱོན་ཕན་འབྲས་མངོན་པར་གསལ་བའི་ཐོན་ལས་ཚོགས་གལ་ཆེན་དུ་འགྱུར་བར་ཆ་རྐྱེན་གང་ལེགས་ལྡན་པ་མ་ཟད། ཐོན་ཁུངས་རྒྱུ་ནོར་ལ་བསྒྱུར་བ་དང་། མ་དངུལ་མ་རྐང་ལ་བསྒྱུར་བ། ཞིང་པ་རྐང་འཛིན་དུ་བསྒྱུར”ནས་ཁེ་ཕན་མཉམ་འབྲེལ་གྱི་ནང་རྐྱེན་ལམ་ལུགས་འཐུས་ཚང་འཛུགས་པ་དང་། ཐོན་ལས་ཀྱི་ཡོང་འབབ་ལས་ཞིང་འབྲོག་མང་ཚོགས་ལ་ཕན་ཁེ་མང་པོ་བསྐྲུན་ཐུབ་པའི་ནུས་པ་ཡང་ལྡན་ཟེར། ཞིང་ཆེན་ཡོངས་སུ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འཁྲིད་ཁེ་ལས་དང་ཞིང་ཆེན་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་ཚོགས་པ6དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང15། ཚན་ཞིབ་དོན་ལས་ལས་ཁུངས3། རྒྱལ་ཁོངས་ཞིང་ཕྱུགས་ར4ཡོད་པ་བོད་ལུག་གི་ཁྱད་ལྡན་ཐོན་ལས་ཚོགས་འཛུགས་སྐྲུན་གྲས་སུ་ཞུགས་ནས་ཐད་ཀར་ཞིང་ཁྱིམ9250སྐུལ་འཁྲིད་བྱས་པས། བོད་ལུག་ཐོན་ལས་ཚོགས་ཀྱི་དགེ་མཚན་དང་ཕན་འབྲས་རིམ་བཞིན་མངོན་གསལ་དུ་གྱུར་ཡོད།

མཚོ་བྱང་ཁུལ་གྱི་མདོ་ལ་རྫོང་ནས་མཚོ་ནུབ་ཁུལ་བར་གྱི་རྒྱལ་ཡོངས་བོད་ལུག་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དགེ་མཚན་ཁུལ་གཉིས་དང་། རྨ་ལྷོ་ཁུལ་གྱི་རྨ་ལྷོ་སོག་རྫོང་ནས་རྩེ་ཁོག་རྫོང་ཁོངས་བར་གྱི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི། མཚོ་སྔོན་པོ་ས་ཁུལ་གྱི་གསེར་ཆེན་རྫོང་དང་མང་རྫོང་། འབའ་རྫོང་། བྲག་དཀར་རྫོང་བཅས་བར་གྱི་བོད་ལུག་སྤུས་ལེགས་གོང་སྤེལ་ཁུལ་བར་དུ། རྫོང་མཐུག་པའི་རྩྭ་སའི་ཐོན་ཁུངས་དང་ཉམས་དགའ་བའི་སྐྱེ་ཁམས་ཁོར་ཡུག་ཡོད་ལ། དེར་སྦྲུམ་པའི་བོད་ལུག་དག་མ་དང་། སྐྱེ་ལྡན། རང་བྱུང་བཅས་ནི་ཡུལ་དེ་གའི་བོད་ལུག་ཐོན་ལས་གོང་སྤེལ་གྱི་དགེ་མཚན་ཁོ་ན་ཡིན་པ་མ་ཟད། ཐོན་ལས་ཚོགས་འཛུགས་སྐྲུན་གྱི་ལྟེ་བར་གྱུར་བར་བརྟེན་མཚོ་སྔོན་ཉིད་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་བོད་ལུག་ཐོན་སྐྱེད་རྟེན་གཞི་རུ་གྱུར།

མཚོ་སྔོན་གྱི་སྐེ་ཚེ་ཐོན་ལས་འཕེལ་འགྲོས“མྱུར་ལམ་དུ”དྲངས།

ལོ་རེའི་ཟླ7པར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་ཧུའེ་རིག་བོད་རིགས་རང་སྐྱོང་ཁུལ་གྱི་ས་མུའུ་ཁྲི40ལ་ཉེ་བའི་ས་ཞིང་གི་ཁྱོན་དུ་སྐེ་ཚེ་མེ་ཏོག་རྣམ་པ་བཞད་དེ། རྒྱལ་ཡོངས་ཀྱི་ས་ཁུལ་ཁག་གི་ཡུལ་སྐོར་བ་མང་པོ་བཀུགས། 

དཔྱིད་རྨོས་སྐེ་ཚེ་ནི་མཚོ་སྔོན་གྱི་འབྲུ་སྣ་གལ་ཆེན་གྲས་ཤིག་ཡིན། རྨོ་ཞིང་གི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི32%ཟིན་ཞིང་། ཞིང་ཆེན་ཡོངས་ཀྱི་འབྲུ་སྣུམ་རྨོ་འདེབས་སྤྱིའི་རྒྱ་ཁྱོན་གྱི་ཉིས་ཆའི་གཅིག་ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་འབྲུ་སྣུམ་ཐོན་སྐྱེད་ཐད་མེད་དུ་མི་རུང་བའི་ནུས་པ་གལ་ཆེན་ཐོན་མ་ཟད། རང་རྒྱལ་གྱི་དཔྱིད་རྨོ་སྐེ་ཚེ་ཐོན་སྐྱེད་ཁུལ་གཙོ་བོ་དང་། རྒྱལ་ཡོངས་ཀྱི་ཀེ་ཚེའི་སོན་རྒྱུ་འདྲེས་མ་དང་སོན་བཟང་བཟོ་སའི་རྟེན་གཞི་ཡང་ཡིན་པས། ཚོང་རར་མཁོ་འདོན་གྱི་གྲངས་འབོར་རྒྱལ་ཡོངས་ཀྱི་རྩེ་གྲར་སོན་ཡོད།

2020ལོར་ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་སྐེ་ཚེ་ཐོན་ལས་གོང་སྤེལ་ལག་བསྟར་བསམ་འཆར》བཏོན་པ་མ་ཟད། སྐེ་ཚེ་ཐོན་ལས་དེ《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་བའི”ནང་ཞིང་ལས་ཞིང་གྲོང་དེང་རབས་ཅན་ལ་བསྒྱུར་བར་སྐུལ་འདེད་གཏང་བའི་འཆར་འགོད》ཁྲོད་བླངས་ཏེ། ཐོན་ལས་ལ་ཐོག་མར་རྒྱབ་སྐྱོར་བྱས་ནས་མཚོ་སྔོན་གྱི་སྐེ་ཚེ་ཐོན་ལས་འཕེལ་འགྲོས“མྱུར་ལམ”དུ་དྲངས།

དེ་མ་ཟད། སྐེ་ཚེའི་སོན་བཟང་ཉོ་སྒྲུབ་དང་། བཟོ་སྣོན། བྲིན་འཚོང་། ཟོང་སྐྱེལ་བཅས་འདུ་བའི་གཞི་གཅིག་ཅན་གྱི་ཐོན་སྐྱེད་བྱེད་མཁན་མཚོ་སྔོན་ཧན་ཡའོ་ཞིང་ལས་ཞོར་རྫས་ཚད་ཡོད་འགན་ལེན་ཀུང་སིས་ལོ་གཅིག་ནང་སྐེ་ཚེ་ཏུན་ཁྲི20བཟོ་སྣོན་བྱེད་ཐུབ་ཀྱི་ཡོད་ཅིང་། རང་་ཞིང་གི་སྣུམ་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཆེ་གྲས་ཤིག་ཡིན། ད་ལྟ་ཁེ་ལས་དེས“འཚེ་མེད་སྐྱེ་ལྡན”ལ་བརྟེན་ནས་ཐོན་སྐྱེད་བྱས་པའི་སྐེ་ཚེ་མཚོ་སྔོན་ནས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་ཁྲོམ་ར་བཀྲམས་ཐུབ་ཡོད།

སྣེ་འཁྲིད་ཁེ་ལས་ཀྱིས་སྐུལ་འཁྲིད་ནི་མཚོ་སྔོན་གྱི་སྐེ་ཚེ་ཐོན་ལས་ཚོགས་གོང་སྤེལ་གྱི་ཐབས་ལམ་གལ་ཆེན་ཡིན། སྣེ་འཁྲིད་ཁེ་ལས་དང་གྲོང་ཚོའི་སྣུམ་བཙག་ཁང་བར་མཉམ་འབྲེལ་བྱས་ནས་གཉེར་སྐྱོང་བྱེད་སྟངས་ཁེ་ལས་ཅན་དང་གཞི་ཁྱོན་ཅན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་བས། སྔར་སྣུམ་བཙག་ཁང་གི་ཐོན་འབོར་ཉུང་བ་དང་བཟའ་ཆས་བདེ་འཇགས་ཚད་ཐིག་ལ་བསླེབས་མི་ཐུབ་པའི་གནད་དོན་ཐག་བཅད་པ་དང་། ཞིང་ཁྱིམ་གྱི་འབབ་སྒོ་ཇེ་མང་ལ་འགྲོ་བར་སྣེ་འཁྲིད་དེ། ཞིང་གྲོང་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་དང་དབུལ་ཐར་གྲུབ་འབྲས་སྲ་ཞིང་བརྟན་པར་ལག་རྗེས་མི་དམན་པ་བཞག

རྒྱ་མདོ་རྫོང་གི་ལེ་དབར་བརྒྱའི་མེ་ཏོག་ར་བའི་སྦྲང་ལས་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ལིའུ་ཞའོ་མིང་གིས་གསར་འགོད་པར་འདི་སྐད། ལོ་རེར་རྒྱ་མདོར་ཁྱིམ་ཚང་བརྒྱ་ཕྲག་ལྷག་སྦྲང་གསོ་ལ་ཡོང་གི་ཡོད་པ་དང་། ཀུང་སིས་ཞིང་པ་སྦྲང་གསོ་བའི་ལག་ནས་མེ་ཏོག་གི་རྡུལ་བསྡུ་ཉོ་བྱས་པ་ཡིན་ལ། རྒྱ་མདོའི་མེ་ཏོག་གི་རྡུལ་ལེགས་ཤོས་ལ་སྤྱི་རྒྱ་རེར་སྒོར80ཡས་མས་རེར་འཚོང་ཐུབ་ཟེར།

སྣུམ་ཀྱི་བྱེད་ནུས་ལས་གཞན། མཚོ་སྔོན་ཞིང་ཆེན་གྱིས་སྐེ་ཚེའི་བྱེད་ནུས་མང་པོ་གཞན་དག་འདོན་སྤེལ་དང་བེད་སྤྱོད་གང་ལེགས་བྱས་ཏེ། ཐོན་ལས་ཀྱི་འབྲེལ་སྣེ་ཕྱིར་བསྲིངས་པ་དང་འདོན་སྤྲོད་འབྲེལ་ལམ་འཐུས་ཚང་། རིན་ཐང་གི་འབྲེལ་རྒྱུན་ཇེ་དམ་དུ་བཏང་སྟེ། སྐེ་ཚེ་ཐོན་ལས་སྙོམས་སྒྲིག་དང་ཐོན་སྐྱེད་གོ་རིམ་ལེགས་སྒྱུར་བྱས་པ་དང་། ཡུལ་སྐོར་ལས་རིགས་དང་བཟའ་ཆས་ལས་རིགས། བདེ་སྲུང་ལས་རིགས། གསོ་སྤེལ་ལས་རིགས། ཁོར་སྲུང་ལས་རིགས་སོགས་ལས་རིགས་སོ་སོར་མཉམ་འབྲེལ་བྱས་ནས་སྣུམ་བཀོལ་སྤྱོད་དང་། ལྗོངས་གཟིགས། སྦྲང་ལེན། གཟན་སྤྱོད། ལུད་རྫས་སོགས་བྱེད་ནུས་མང་པོ་གཞི་གཅིག་ཅན་དུ་འདུ་བར་འཕེལ་རྒྱས་ཆེན་པོ་བྱུང་།

ཕྱོགས་གཞན་ནས་སོན་བཟང་གསོ་སྤེལ་ནི་རང་ཞིང་གི་སྐེ་ཚེ་ཐོན་ལས་ཚོགས་གོང་སྤེལ་གྱི་སྙིང་བོ་ཡིན། ལོ་ངོ20རིང་ལ་མཚོ་སྔོན་གྱིས་སྐེ་ཚེའི་སོན་སྣ24གསོ་སྤེལ་བྱས་ཤིང་། དེ་ལས“སོན་འདྲེས(青杂)”ཀྱི་སོན་རིགས་ནི་རང་རྒྱལ་གྱི་དཔྱད་རྨོའི་སྐེ་ཚེ་ཐོན་སྐྱེད་ཁུལ་གྱི་སོན་སྣ་གཙོ་བོ་ཡིན།

ཀྲའོ་ཏེ་ལིན་གྱིས་འདི་སྐད། ང་ཚོས་ཧོར་གྲོང་དང་། སྐུ་འབུམ། རྟ་ཐང་། རྒྱ་མདོ་སོགས་རྫོང(ཆུས)བཅས་ཀྱི་ས་རྒོད་གསར་སྦོལ་བྱས་པའི་རྒྱལ་ཁོངས་ཞིང་ཕྱུགས་ར3དང་། རྒྱལ་ཁབ་རིམ་པའི་སྣེ་འཁྲིད་ཁེ་ལས4། ཞིང་ཆེན་རིམ་པ་ཡན་གྱི་སྣེ་འཁྲིད་ཁེ་ལས13། ཞིང་ཆེན་རིམ་པ་ཡན་གྱི་ཆེད་ལས་མཉམ་ལས་ཁང170བཅས་ཀྱི་ཁྱབ་ཁོངས་བདམས་ཏེ་སྐེ་ཚེ་ཐོན་ལས་ཚོགས་འཛུགས་སྐྲུན་བྱ་རྒྱུ་མ་ཟད།   ཐོན་ལས་ཚོགས་འཛུགས་པའི་ཐོན་ཁུངས་ཀྱི་དགེ་མཚན་དང་བྱེད་ནུས་གཞིར་བཟུང་སྟེ། སོན་བཟང་གསོ་སྤེལ་དང་། འདེབས་འཛུགས་རྟེན་གཞི་ལེགས་སྒྱུར། བཟོ་སྣོན་དང་ཟོང་སྐྱེལ། ཁྲོམ་ར་གཉེར་སྐྱོང་བཅས་ཀྱི་མ་ལག་འཐུས་ཚང་། སྤྲོ་སྐྱིད་ཀྱི་ཞིང་ལས་དང་། ཞིང་གྲོང་ཡུལ་སྐོར་གྱི་ཚོང་རྟགས་བཏོད་པ་བཅས་ལ་ཤུགས་བསྣན་ནས་ཞིང་ལས་ཀྱི་བྱེད་ནུས་མང་པོ་འདོན་སྤེལ་བྱ་རྒྱུ་ཟེར།

མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པའི་སྒང་འདི་ལ། མཐོ་སྒང་གི་དེང་རབས་ཅན་འགྱུར་གྱི་ཞིང་ལས་དར་སྤེལ་ལ་མཚོན་ན་ཐོན་ལས་ཚོགས་གོང་སྤེལ་གྱི་ཐབས་ལམ་ནི་གལ་འགངས་ཤིན་ཏུ་ཆེ། སླད་ཕྱིན་མཚོ་སྔོན་གྱིས་ཐོན་ཁུངས་ཀྱི་གྲུབ་ཆ་ཕྱོགས་བསྡུ་དང་། ཐོན་ལས་ཀྱི་འབྲེལ་སྣེ་ཕྱིར་བསྲིངས་ཏེ། ཞིང་ཕྱུགས་ལས་ཀྱི་དགེ་མཚན་དང་ཁྱད་ཆོས་ལྡན་པའི་ཐོན་ལས་ཚོགས་གོང་སྤེལ་ལ་སེམས་ཤུགས་བཏོན་ནས་རང་ཞིང་གི་ཞིང་ལས་དཔལ་འབྱོར་གོང་སྤེལ་ཐད་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱ་དགོས།

ཁོན་ཐར་འཚོས་བསྒྱུར།