མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་ཐོན་དབང་གི་ལེགས་ཆའི་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ་ཡིན་པ།

རང་རེའི་དྲ་བའི་འཕྲིན། ཟླ་6ཚེས་21ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་ཐོན་དབང་གི་གྲངས་འབོར་དང་སྤུས་ཚད་ཅུང་མཐོ་བ་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོང་དང་བཀོལ་སྤྱོད་ནུས་པ་ཅུང་ཆེ་བས་ཤེས་བྱའི་ཐོན་དབང་གི་ཁྲོམ་རའི་འགྲན་རྩོད་ལེགས་ཆ་རགས་ཙམ་ཆགས་ནས་ས་ཁོངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ལྡན་པའི་ལེགས་ལྡན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ་ཡིན་པ་རེད། 2025ལོར་སླེབས་སྐབས་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་གི་ལེགས་ཆའི་དཔེ་སྟོན་ཁེ་ལས་དང་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་གི་ལེགས་ཆའི་ཁེ་ལས་ཀྱི་གྲངས་འབོར་རིམ་རྩིས་བྱས་ན་70ཟིན་པ་དང་ཤེས་བྱའི་བདག་དབང་དོ་དམ་ཚད་ལྡན་གྱི་དཔང་རྟགས་ཁས་ལེན་ཐོབ་པའི་གསར་གཏོད་བྱེད་པོའི་གྲངས་འབོར་རིམ་རྩིས་བྱས་ན་50ཟིན་ཡོད་པ་རེད།

ཉེ་ཆར། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་གི་ལེགས་ཆའི་ཁེ་ལས་སྐྱེད་སྲིང་ལས་ཀའི་ཇུས་གཞི(2022ལོ་ནས་2025ལོ་བར)》དང《མཚོ་སྔོན་ཞིང་ཆེན་གྱི་གསར་གཏོད་བྱེད་པོས་ཤེས་བྱའི་ཐོན་དབང་དོ་དམ་ཚད་ལྡན་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཇུས་གཞི(2022ལོ་ནས་2025ལོ་བར)》པར་འགྲེམས་བྱས་ནས་ཁེ་ལས་ཀྱི་ཤེས་བྱའི་ཐོན་དབང་གསར་གཏོད་ལེགས་ཆ་དང་། ཤེས་བྱའི་ཐོན་དབང་བེད་སྤྱོད་ལེགས་ཆ། ཤེས་བྱའི་ཐོན་དབང་དོ་དམ། སྲུང་སྐྱོང་ལེགས་ཆ་བཅས་ཕྱོགས་གསུམ་ལ་དམིགས་ནས་ལེགས་ཆའི་ཁེ་ལས་སྐྱེད་སྲིང་ལས་དོན་སྤེལ་བ་རེད། ཞིང་ཆེན་རིམ་པའི་ཤེས་བྱའི་ཐོན་དབང་གི་ལེགས་ཆའི་ཁེ་ལས་དང་ཤེས་བྱའི་ཐོན་དབང་གི་མཚོན་བྱེད་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་མཁན་ཚན་པར་ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་འདུན་ཞུའི་ལེགས་ཆའི་དཔེ་སྟོན་ཁེ་ལས་དང་། ཀྲུང་གོའི་ཁེ་བེད་བདག་ཐོབ་བྱ་དགའ་དཔྱད་འདེམས་དང་དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་ཁེ་བེད་བདག་ཐོབ་བྱ་དགའ་དཔྱད་འདེམས་ཐོབ་ཐང་སྔོན་ལ་ཐོབ་པ་བྱ་རྒྱུ་རེད།

ཁེ་ལས་གང་འདྲ་ཞིག་སྙན་ཞུ་ཕུལ་ཆོག གཏན་འབེབས་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ས་ཁོངས་སུ་ཐོ་འགོད་ལོ་གསུམ་ཡན་བྱས་པ་དང་། རང་ཚུགས་ཀྱི་ཁྲིམས་མིའི་ཐོབ་ཐང་ཡོད་པའི་ཁེ་ལས་དང་། ཤེས་བྱའི་ཐོན་དངོས་བདག་དབང་གསར་སྐྲུན་དང་བེད་སྤྱོད་བྱེད་ནུས་ཆེ་ཙམ་ཡིན་པ་དང་། ཤེས་བྱའི་ཐོན་དངོས་བདག་དབང་གི་གྲངས་འབོར་དང་སྤུས་ཚད་ཅུང་མཐོ་བ། གཅིག་པུར་དབང་བའི་ཁེ་ཕན་དང་། ཚོང་རྟགས། རྩོམ་གྱི་བདག་དབང་། འདུས་གྲུབ་གློག་ལམ་གྱི་རིས་བཀོད་ཇུས་འགོད། སྐྱེ་དངོས་ཀྱི་རིགས་གསར་བ་སོགས་པའི་ཐད་ལ་དགེ་མཚན་མངོན་གསལ་ཆེ་ཙམ་ལྡན་པ། ཤེས་བྱའི་ཐོན་དབང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཤེས་བྱའི་ཐོན་དབང་གི་དོ་དམ་སྒྲིག་གཞི་བཙུགས་པའམ་ཡང་ན་ཆེད་བསྐོས་དོ་དམ་མི་སྣ་བཀོད་སྒྲིག་བྱས་པ་དང་། ཤེས་བྱའི་ཐོན་དབང་གི་ཞིབ་འཇུག་གསར་སྤེལ་མི་སྣ་དང་ཤེས་བྱའི་ཐོན་དབང་གི་ཆེད་དོན་གྲོན་དངུལ་བཏང་བ། ཤེས་བྱའི་ཐོན་དབང་གི་དོ་དམ་ལམ་ལུགས་དང་ལྕག་སྐུལ་ལམ་སྲོལ་བཟོས་པ། ལག་བསྟར་བྱས་ཚུལ་ཡག་པོ་ཡོད་པ། ཤེས་བྱའི་ཐོན་དབང་དྲིལ་བསྒྲགས་གསོ་སྦྱོང་ཧུར་ཐག་བྱས་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོང་དང་། ཉེན་ཟོན་ཉེན་བརྡ་གཏོང་བ། ཉེན་ཁ་སྔོན་འགོག་ཚོད་འཛིན་བཅས་ཀྱི་ལམ་སྲོལ་ལྡན་ཡོད་པས་རང་བདག་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་ཅུང་ཡག་པོ་བྱེད་ཐུབ་པ། ཉེ་ལམ་ལོ་གསུམ་རིང་གི་བྲིན་ཚོང་ཡོང་འབབ་དང་ལོ་རེའི་ཁེ་སྤོགས་ལོ་རེ་བཞིན་མང་དུ་འགྲོ་བའི་ཁེ་ལས་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ་ཆོག

གལ་ཏེ་ཁེ་ལས་ལ་ལོ་3ཙམ་རིང་ཤེས་བྱའི་བདག་དབང་དང་། སྤུས་ཚད་བདེ་འཇགས། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་སོགས་ཐད་སྲིད་འཛིན་གྱི་ཆད་པ་ཕོག་ཚེ་མི་གཞན་གྱི་ཤེས་བྱའི་བདག་དབང་ལ་རྐང་བཙུགས་ནས་བཙན་གནོད་བྱེད་པའི་བྱེད་སྤྱོད་དང་། རྒྱུན་གཏན་མིན་པའི་ཁེ་བེད་བདག་ཐོབ་རེ་ཞུའི་བྱ་སྤྱོད། ཁེ་བེད་བདག་ཐོབ་ཀྱི་ཁ་གསབ་དང་བྱ་དགའི་འགྲོ་གྲོན་གཡོ་ལེན་བྱེད་པ། དཔང་རྟགས་དཔྱད་ཡིག་རྫུན་བཟོ་དང་གྲངས་གཞི་རྫུན་ཞུ་བཅས་བྱས་ནས་ལེགས་ལྡན་ཁེ་ལས་ཀྱི་མཚན་སྙན་མེད་པ་བཟོས་ཏེ་ལོ་གཉིས་ནང་སླར་ཡང་རེ་ཞུ་བྱེད་མི་ཆོག

ལྷ་ཆེན་རྒྱལ་གྱིས་བསྒྱུར།