མཚོ་སྔོན་ཞིང་ཆེན་གྱིས་ནུབ་རྒྱུད་ཀྱི་དེང་རབས་དངོས་ཟོང་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ནུབ་རྒྱུད་ས་ཁུལ་དང་རྒྱལ་ཡོངས་ལ་ཁྱབ་པའི་དེང་རབས་དངོས་ཟོང་སྐྱེལ་འདྲེན་མ་ལག་སྟབས་བདེ་ལ་ཕན་ཕྱོད་ཆེ་བ་ཞིག་མྱུར་དུ་བཙུགས་ཏེ། ནུབ་རྒྱུད་ཀྱི་དངོས་ཟོང་སྐྱེལ་འདྲེན་རྟེན་གཞི་གལ་ཆེན་དང་རྒྱལ་ཡོངས་ལ་ཕྱོགས་པའི་འཐབ་ཇུས་འདེགས་སྐྱོར་བྱེད་ས་བསྐྲུན་ཆེད། ཞིང་ཆེན་ནོར་སྲིད་ཐིང་གིས་ད་ལྟའི་ནོར་སྲིད་ཁྱབ་ཁོངས་དང་འབྲེལ་བའི་རྒྱབ་སྐྱོར་སྲིད་ཇུས་ལ་སྦྱར་ནས་མཁོ་སྤྲོད་ལོགས་གྲུབ་རང་བཞིན་གྱི་བཅོས་སྒྱུར་གཙོ་བྱས་ཤིང་། དཔལ་འབྱོར་གཏན་འཇགས་གོང་སྤེལ་ཐད་ཀྱི་ཞབས་ཞུ་སྙིང་བོར་བཟུང་སྟེ། 《དེང་རབས་དངོས་ཟོང་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ལ་ནོར་སྲིད་དཔྱ་ཁྲལ་གྱི་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས》(གཤམ་ནས《སྲིད་ཇུས》ཞིས་འགོད་རྒྱུ)བཏོན་ནས་རང་ཞིང་གི་དེང་རབས་དངོས་ཟོང་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ལ་ནུས་རྒུས་རྒྱབ་སྐྱོར་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། 《སྲིད་ཇུས》དེ་ནི་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་དང་འབྲེལ་བའི་བྱ་བའི་བླང་བྱ་གཞི་བྱས། ནོར་སྲིད་པུའུ་ཡི་གློག་རྡུལ་ཚོང་དོན་ཞིང་གྲོང་སྐུལ་སྤེལ་དང་ཞིང་གྲོང་གི་དྲ་རྒྱ་རྒྱུན་འཁོར་མ་ལག་གང་མགྱོགས་ཀྱིས་བསྐྲུན་དགོས་པའི་སྐོར་གྱི་ལས་ཀའི་བཀོད་སྒྲིག་དང་། ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་སྲིད་ཇུས་སྔོན་ཐོན་གྱི་ཉམས་མྱོང་དང་། དེང་རབས་དངོས་ཟོང་སྐྱེལ་འདྲེན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་ཁོངས་མི་ལས་ཁུངས་ཀྱི“ལོ་ལྔ་ཚན་བཅུ་བཞི་བའི”འཕེལ་རྒྱས་འཆར་འགོད་ཁྲོད་དངོས་ཟོང་སྐྱེད་འདྲེན་ལས་རིགས་ཀྱི་འབྲེལ་ཡོད་ལས་ཀའི་བྱེད་ཐབས། རང་ཞིང་གི་ད་ཡོད་ནོར་སྲིད་མ་དངུལ་གྱི་ཐེག་ཤུགས་དང་དངོས་ཟོང་སྐྱེལ་འདྲེན་ལས་རིགས་གོང་འོག་གི་ཁེ་ལས་ཀྱི་དགོས་མཁོ་ལ་སོགས་པའི་རྒྱུ་རྐྱེན་མང་པོར་སྦྲེལ་ནས་ཐོག་མར་མ་ཡིག་བཀོད་ཅིང་། བར་དུ་བརྟག་དཔྱད་ཞིབ་འཇུག་བྱས་ནས་ཆ་ཚང་ལ། ཞིབ་ཅིང་ཕྲ་བ། ཕུན་སུམ་ཚོགས་པ་ཞིག་བཟོས་ནས་གྲུབ་པ་ཡིན། 《སྲིད་ཇུས》ཀྱིས་དངོས་ཟོང་སྐྱེལ་འདྲེན་ཐོན་ལས་ཀྱི་དེང་གི་འཆར་འགོད་བློ་བཀོད་དང་། དམངས་སྤྱོད་མཁའ་འགྲུལ་དང་ལྕགས་ལམ། དངོས་ཟོང་སྐྱེལ་འདྲེན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་སོགས་པའི་རྒྱབ་སྐྱོར་སྲིད་ཇུས་ཀྱི་རྒྱུན་ལེགས་པར་བསྐྱངས་ཞོར། ཚོང་དོན་དང་། མཁོ་འཚོང་། ཞིང་ལས། འགྲིམ་འགྲུལ་ལ་སོགས་པའི་ཁྱབ་ཁོངས་ཀྱི་མ་དངུལ་ལ་གཅིག་གྱུར་འཆར་འགོད་བཟོས་ཏེ། སྡེ་ཚན་སོ་སོའི་འགན་ནུས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་ཐོག་ནུས་ཤུགས་གཅིག་ཏུ་བསྡུས་ནས་དེང་རབས་ཀྱི་དངོས་ཟོང་སྐྱེལ་འདྲེན་མ་ལག་བཙུགས་ནས་དངོས་ཟོང་སྐྱེལ་འདྲེན་གྱི་ཆད་སྐྱོན་ཁ་གསབ་བྱས་ཡོད།

ཞིང་ཆེན་ནོར་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་ལྟར་ན། 《སྲིད་ཇུས》ཀྱི་ནང་དུ་རྒྱབ་སྐྱོར་བྱེད་སྟངས་དང་རྒྱབ་སྐྱོར་ཚད་གཞི་བཟོས་ཡོད་ལ། དེ་བཟོ་དུས་ཞིང་ཆེན་ནོར་སྲིད་ཀྱིས་ཞབས་ཞུ་ལས་རིགས་དང་། མཁོ་འཚོང་། གློག་རྡུལ་ཚོང་དོན་བཅས་ཞིང་གྲོང་ལ་སོགས་པའི་ཁྱབ་ཁོངས་སུ་བཏོན་པའི་ད་ཡོད་ཀྱི་སྲིད་ཇུས་ལ་ཟུར་ལྟར་གང་ལེགས་བྱས་ཐོག སྲིད་ཇུས་གསར་རྙིང་གཉིས་ཀར་རྒྱབ་སྐྱོར་བྱེད་པའི་བྱེད་སྟངས་དང་། ནང་དོན། ཚད་གཞི་བཅས་གཅིག་གྱུར་བཟོས་ནས་ཐོན་ལས་དབར་ཁ་གསབ་འདྲ་མཉམ་མིན་པའི་གནས་ཚུལ་མི་འབྱུང་བར་འགན་ལེན་བྱས་ཡོད། སྤྱིའི་ཆ་ནས་ཐེངས་འདིའི《སྲིད་ཇུས》ལ་མ་ལག་གི་ཆ་ཚང་རང་བཞིན་དང་། སྲིད་ཇུས་ཀྱི་དོན་དངོས་རང་བཞིན། ཚད་གཞི་ཡི་ཞིབ་ཕྲ་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་ཟེར།

སླད་ཕྱིན། ཞིང་ཆེན་ནོར་སྲིད་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ལ་རམ་འདེགས་གང་ལེགས་དང་། ལས་གཞི་ཇུས་འགོད་བྱས་ཏེ། 《སྲིད་ཇུས》དེ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས་རང་ཞིང་གི་དེང་རབས་དངོས་ཟོང་སྐྱེལ་འདྲེན་ལས་རིགས་གོང་སྤེལ་ལ་སྐུལ་འདེད་དང་། ཞིང་ཆེན་གཞན་དང་རྒྱལ་སྤྱིའི་སྐྱེལ་འདྲེན་བར་འབྲེལ་ལམ་བཙུགས་ནས་རང་ཞིང་གི་ཐོན་ལས་སྤྱིའི་གོང་སྤེལ་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

ལྷ་ཆེན་རྒྱལ་གྱིས་བསྒྱུར།