རང་ཞིང་གི་གྲོང་གསེབ་དར་རྒྱས་གཏོང་བའི་རོགས་སྐྱོར་གཙོ་བོ་བྱས་པའི་རྫོང་དག་ལ་ཁྱད་ཆོས་ལྔ་མངོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས7ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་གཙོར་བཟུང་ནས་རོགས་སྐྱོར་བྱས་པའི་རྫོང་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་བྱ་བའི་བརྙན་འཕྲིན་སྐུལ་འདེད་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་ནས་བཟུང་རང་ཞིང་གིས་རྒྱལ་ཁབ15དང་ཞིང་ཆེན་རིམ་པའི་གྲོང་གསེབ་དར་རྒྱས་གཏོང་བའི་རོགས་སྐྱོར་རྫོང་གཙོ་བོ10ལ་དམིགས་ཏེ་དམིགས་ཚད་གཏན་འཁེལ་དང་། འགན་འཁྲི་ནན་པོ། མཐུན་སྦྱོར་ལ་ཤུགས་བསྣན། གནད་འཁེལ་ལག་བསྟར་བཅས་བྱས་པས་གྲོང་གསེབ་དར་རྒྱས་གཏོང་བའི་རོགས་སྐྱོར་རྫོང་གཙོ་བོའི་བྱ་བར་ལག་བསྟར་མགྱོགས་པ་དང་། སྤེལ་ཤུགས་ཆེ་བ། བྱ་བ་ཏན་ཏིག་བསྒྲུབས་པ། མཉམ་ཤུགས་ཆེ་བ། ཕན་འབྲས་ལེགས་པ་བཅས་ཀྱི་ཁྱད་ཆོས་ཆེན་པོ་ལྔ་མངོན་ཡོད།

2021ལོར་རང་ཞིང་གིས་རྒྱལ་ཡོངས་སུ《གྲོང་གསེབ་དར་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་རོགས་སྐྱོར་རྫོང་གི་ལག་བསྟར་བསམ་འཆར》སྔོན་ལ་བཏོན་ནས་ཞིང་ཆེན་རིམ་པའི་རོགས་སྐྱོར་བྱེད་ཐབས22ཞིབ་ཕྲ་བཟོས་པ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་རིགས་ལས་ཁུངས་ཀྱིས་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ཐུན་མོང་སྒོས་གྲོང་གསེབ་དར་རྒྱས་གཏོང་བའི་རོགས་སྐྱོར་རྫོང་གཙོ་བོའི“1+N”སྲིད་ཇུས་མ་ལག་བཙུགས། ན་ནིང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་འབྲེལ་མཐུད་མ་དངུལ68%གྲོང་གསེབ་དར་རྒྱས་གཏོང་བའི་རྫོང་གཙོ་བོར་འཕེལ་རྒྱས་གཏོང་བའི་རྨང་གཞིའི་སྟེང་ ད་ལོ་བསྡུར་ཚད་སླར་ཡང70.5%བར་ཇེ་མཐོར་བཏང་བ་དང་ལོ་གཉིས་ནང་རིམ་རྩིས་བྱས་ན་ནོར་སྲིད་ཀྱི་འབྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར81ཟིན།

ལོ་གཅིག་རིང་སློབ་བཤོལ་མེད་པ་དང་སློབ་ཞུགས་འགན་སྲུང་བྱ་བ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་རོགས་སྐྱོབ་ཀྱི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱེད་པ། ས་ཆ་གཞན་དུ་གནས་སྤོས་རྗེས་ཀྱི་རོགས་སྐྱོར་ཏན་ཏིག་ནུས་ལྡན་བྱེད་པ། གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་སྤུས་ཚད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་བ། འགྲོད་ལམ་དང་། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་པ། རོང་འབྲོག་མང་ཚོགས་ཀྱི་སྐྱིད་སྣང་ཟམ་མི་ཆད་པར་ཇེ་ཆེར་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག་རེས་སྐོར་གསར་པའི་རྫོང་གཙོ་བོ25ལ་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ3085འདེམས་གཏོང་བྱས་པ་དང་། དེས་ ཞིང་ཆེན་ཡོངས་ཀྱི་འདེམས་གཏོང་ལས་བྱེད་པའི་59.1%ཟིན་ཡོད། འབྲེལ་གཏུག་བྱ་ཡུལ་རྫོང་གཙོ་བོའི་ཀྲུང་དབྱང་གི་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་ཁུངས12ཀྱིས་ལོ་འཁོར་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི1000ལྷག་དོན་འཁྱོལ་བྱས། ཅང་སུའུ་ཡི་རྫོང་དང་ཆུས15ཡིས་རང་ཞིང་གི་རྒྱལ་ཁབ་དང་། ཤང་། གྲོང་ཚོ་བཅས་དར་རྒྱས་གཏོང་བའི་རོགས་སྐྱོར་རྫོང་གཙོ་བོ15དང་ཁ་གཏད་རོགས་སྐྱོར་མངོན་འགྱུར་བྱུང་ནས་རོགས་སྐྱོར་མཉམ་ལས་ཀྱི་ནང་དོན་དང་རྣམ་པ་སྔར་བས་རྒྱ་ཆེར་ཕྱིན་ཡོད།

གཞན་ཡང་ཐོན་ལས་དར་སྤེལ་དང་། ལས་ཞུགས་བརྟན་པོ། མཐའ་སྐྱོང་བཅས་བྱས་པ་བརྒྱུད་ནས2021ལོར་གྲོང་གསེབ་དར་རྒྱས་གཏོང་བའི་རོགས་སྐྱོར་རྫོང་གཙོ་བོ25ཡི་དབུལ་ཐར་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11678ཟིན་པ་དེ2020ལོ་ལས11.06%འཕར་བ་དང་། འཕར་ཚད་ས་ཁུལ་དེའི་རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བརྒྱ་ཆའི་གཞི་གྲངས1.27ཟིན།

ཐོན་ལས་རིམ་སྤོར་ལ་དམ་འཛིན་ཡག་པོ་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཆེད་མངགས་ཚོགས་པ15རྫོང་སོ་སོར་བསྐྱོད་དེ་འབྲེལ་མཐུད་བྱ་བ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་འབྲེལ་ལས་ཁུངས་ཀྱིས་རྫོང་ནང་དུ་ཚུད་པའི་མཉམ་འབྲེལ་ས་ཁུལ་གྱི་ཚན་རྩལ་ཞབས་ཞུའི་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང40དང་། ཆེད་མངགས་གདན་འདྲེན་ཞུས་པའི་དབུ་བཞུགས་ཆེད་མཁས་ཚོགས་པ12བཙུགས་ནས་གཞི་རིམ་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ།

གཡང་སྐྱིད་ཀྱིས་བསྒྱུར།