མཚོ་སྔོན་ཞིང་ཆེན“ཆུ་བེད་དང་པོ”ཡི་ལས་གཞི་སྟེ་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་གཞི་ལས་ནུབ་ཀྱི་ཆུ་འདྲེན་ཕུག་ལམ32པ་བརྟོལ་ནས་ལེགས་འགྲུབ་བྱུང་བ།

ཟླ6ཚེས18ཉིན། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་ཡོད་པའི་འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི་ལས་གཞི་ལས་ནུབ་ཀྱི་ཆུ་འདྲེན་ཕུག་ལམ32པ་བརྟོལ་ཚར་ལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི“ཆུ་བེད་དང་པོའི”ལས་གཞི་འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི་མཐའ་མཇུག་གི་འགག་སྒོ་བདེ་བླག་ངང་གཏོར་བའི་མཚོན་རྟགས་ཡིན་པ་མ་ཟད། ལས་གཞི་ཆེན་པོ་དྲུག་གི་འཛུགས་སྐྲུན་འོས་འགན“མཇུག་སྒྲིལ་ལ་ཉེ་བའི”དུས་རིམ་དུ་བསླེབས་པ་ཡང་མཚོན་པས། ལས་གཞི་སྤུས་ལེགས་ངང་འཁོར་སྐྱོད་དང་མཚོ་སྔོན་མི་དམངས་བདེ་སྐྱིད་ཀྱི་ལམ་དུ་འགོད་པར་རྨང་གཞི་བརྟན་པོ་བཏིངས།

འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི་ལས་གཞི་ཡོངས་ལ་མ་དངུལ་དུང་ཕྱུར146.34བཏང་ཡོད་ཅིང་། ས་ཁོངས་བརྒལ་བའི་ཆུ་འདྲེན་ལས་གཞི་ཆེ་གྲས་ཤིག་ཡིན་ཏེ། ཐོག་མར་མཚོ་སྔོན་གྱི་ཤར་བྱང་རྒྱུད་ནས་མདོ་ལ་རི་བོའི་རི་རྒྱུད་ཏཱ་པན་རི་བོ་བརྒལ་ཏེ་ཙོང་ཆུར་འདྲེན་པ་ཞིག་ཡིན་ལ། མཚོ་སྔོན་གྱི་ཤར་རྒྱུད་ས་ཁུལ་འཕྲེད་ཀྱིས་བཅད་ནས་ཡོད། ལས་གཞི་གཙོ་བོ་ཆུ་འདྲེན་སྤྱིའི་ཆུ་ལམ་དང་། རྡོ་འགག་ཆུ་མཛོད། ཆུ་ནག་ཆུ་མཛོད། བྱང་གི་ཡན་ལག་ཆུ་ལམ་གྱི་དུས་བཅད་དང་པོ། བྱང་གི་ཡན་ལག་ཆུ་ལམ་གྱི་དུས་བཅད་གཉིས་པ། ནུབ་ཀྱི་ཡན་ལག་ཆུ་ལམ་བཅས་ལས་གཞི་བྱེ་བྲག་དྲུག་གིས་གྲུབ་ཅིང་། མཚོ་སྔོན་གྱི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་ཞིང་། ཕྱོགས་བསྡུས་ཕན་ཆ་ཆེས་ལེགས་པ། འཛུགས་སྐྲུན་ཆ་རྐྱེན་ཆེས་རྙོག་འཛིང་ལྡན་པའི་འཐབ་ཇུས་རང་བཞིན་གྱི་ཆུ་འདྲེན་ལས་གཞི་ཞིག་ཡིན།

ལས་གཞིའི་འོས་འགན་གཙོ་བོ་ནི་རིག་ནུས་ཀྱི་སྙོམས་སྒྲིག་གནད་དུ་འཁེལ་བ་ལ་བརྟེན་ནས་མཚོ་སྔོན་གྱི་ཙོང་ཆུའི་བྱང་རྒྱུད་ཀྱི་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་དང་། སྤྱི་ཆིང་ཁྲི6.67ཡི་ས་ཞིང་དང་ནགས་ཚལ། བཟོ་ལས། སྐྱེ་ཁམས་ལ་སོགས་སུ་དགོས་པའི་ཆུའི་གནད་དོན་ཐག་བཅད་ནས་མཚོ་སྔོན་གྱི་ཞིང་གྲོང་དར་སྤེལ་དང་། ཐུན་མོང་ཕྱུག་འགྱུར། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། མཐོ་སྒང་གི་སྤུས་ལེགས་འཕེལ་རྒྱས་བཅས་ལ་ཆུའི་ཐོན་ཁུངས་ཀྱི་འདེགས་སྐྱོར་དང་ཆུའི་སྐྱེ་ཁམས་ཀྱི་འགན་སྲུང་འདོན་སྤྲོད་བྱ་རྒྱུ་དེ་རེད།

ཤེས་གསལ་ལྟར་ན། ཆུ་འདྲེན་ཕུག་ལམ32བའི་སྤྱིའི་རིང་ཚད་ལ་སྨི4313.9ཡོད་ཅིང་། 2017ལོའི་ཟླ9བར་ལས་མགོ་བརྩམས། དང་ཐོག་ས་གཤིས་རྩད་ཞིབ་བྱེད་དུས་སའི་ཆད་རིམ་བརྒྱད་ཡོད་ཅིང་། ཆག་ཧྲིལ་དུ་གྱུར་བའི་རིགསVཅན་གྱི་མཐའ་སྐོར་བྲག་རྡོ་སྨི3123ཡོད་པ་ཕུག་ལམ་སྤྱིའི་རིང་ཚད་ཀྱི72%ཟིན་པས་ཕུག་ལམ་བརྟོལ་བར་དཀའ་ཁག་ཧ་ཅང་ཆེ་བ་མངོན། དེ་བཞིན་དུ་ས་འོག་ཆུ་ཧ་ཅང་མང་ལ། ཆེས་ཆེ་བ་ཉིན་རེར་སྨི་རྒྱ་དཔངས་གྲུ་བཞི་མ12000ལ་ཟིན་གྱི་ཡོད་པས། ཨར་ལས་ལ་དཀའ་ཁག་བཟོས་པ་མ་ཟད་ཉེན་ཁ་ཡང་ཧ་ཅང་ཆེ། ལྷག་པར་ཨར་ལས་ཀྱི་གོ་རིམ་ཁྲོད་ས་རྡིབ་དང་ཆུ་དང་ཟེགས་སྙིགས་སོགས་བརྡོལ་ཐེངས40ལྷག་བྱུང་མྱོང་བ་དང་། ཆེས་དཀའ་བའི་དུས་ནི་ཟླ་རེར་སྨི7ལས་བརྟོལ་མི་ཐུབ་པར་གྱུར་ནས་ཨར་ལས་ལེགས་འགྲུབ་ལ་བར་ཆད་མི་ཉུང་བ་བཟོས།

མཚོ་སྔོན་ཞིང་ཆེན་གྱི་འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི་ལས་གཞི་འཛུགས་སྐྲུན་དང་འཁོར་སྐྱོད་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅི། ཅུས་ཀྲང་ཀྲང་ཝའེ་ཧྥེང་གིས་འདི་སྐད། ད་སྔའི་བར་ལས་གཞི་ལས་རྡོ་འགག་ཆུ་མཛོད་ཀྱིས་ཐོག་མར་ཆུ་གསོག་གློག་འདོན་འཁོར་སྐྱོད་ཐུབ་ཡོད་ཅིང་། ཆུ་འདྲེན་སྤྱིའི་ཆུ་ལམ་དུ་ཚོད་ལྟའི་ཚུལ་དུ་ཆུ་འདྲེན་བཞིན་ཡོད། དེ་བཞིན་དུ་ཆུ་ནག་ཆུ་མཛོད་ཀྱི་ཆུ་ཚན་རིག་དང་མཐུན་པའི་སྒོ་ནས་གསོག་འདྲེན་བྱས་ནས་སྨད་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཐུང་ཆུ་དང་། ཙོང་ཆུ་འབབ་རྒྱུད་ཀྱི་ཞིང་ཆུ་དང་སྐྱེ་ཁམས་ཐད་ཀྱི་ཆུའི་དགོས་མཁོ་འགན་སྲུང་བྱས་ཡོད། དེ་དང་ཆབས་ཅིག བྱང་གི་ཆུ་ལམ་གྱི་དུས་བཅད་དང་པོའི་ལས་གཞི་ཡིས་རྟ་ཐང་རྫོང་དང་། ཧོར་གྲོང་རྫོང་། ལུང་མདོ་ཆུས་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁག་གི་ཞིང་སར་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི1000འདྲེན་ཐུབ་ཡོད།  ད་ལྟ་བྱང་གི་ཆུ་ལམ་གྱི་དུས་བཅད་གཉིས་པ་དང་ནུབ་ཀྱི་ཆུ་ལམ། སུམ་མདོ་ཆུ་མཛོད་བཅས་འགྲུབ་ལ་ཉེ་བས། 2022ལོའི་ལོ་མཇུག་གི་སྔོན་ལ“ཤར་གཏོང་གཉིས་དང་གསོག་འཇོག་གཅིག”གི་དམིགས་འབེན་ལེགས་འགྲུབ་འབྱུང་སྲིད་ཟེར།

ཁོན་ཐར་འཚོས་བསྒྱུར།