མཁའ་མཐའི་ཟོ་སྐྱ་ཡུལ་ནས་སྔོ་ཚལ་སྣ་བདུན་བཏབས།

ཟླ6པའི་མགོར། མཐོ་སྒང་གི་ལྟེ་བར་འགྱིང་བའི་གངས་ཀྱི་དབུ་རྩེ་སྔར་བཞིན་ཁ་བས་བཟུང་ཞིང་། སྐྱ་ཟད་པའི་རྩྭ་ཐང་དུ་སྔོ་ལྗང་གི་མྱུ་གུ་འབུས་ནས་བརླན་སའི་འཁྱགས་རོམ་ཡང་རིམ་གྱིས་ཞུ་མགོ་བརྩམས། ཡིན་ན་ཡང་ཟོ་སྐྱ་ཡུལ་ཚོའི་དྲོད་ཁང་གི་སྒོ་མོ་ཡངས་པོར་ཕྱེས་པ་ན། དྲོད་རླབས་ཤིག་མདུན་ཕྱོགས་སུ་རྒྱུ་ཡོང་བའི་མོད་ལ། མིག་མདུན་དུ་ལྗང་ལོ་ལྡེམ་པའི་སྔོ་ཚལ་སྨི་བཅུའི་ཕ་མཐར་བསྲིངས་པ་ཞིག་མངོན་ཡོང་།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཟོ་སྐྱ་ཡུལ་ཚོའི་ཏང་ཀྲི་ཧྲུའུ་ཅི་ཝུའུ་དབྱི་ཡིས་སྔོ་མྱུག་གི་གསེང་དུ་སྐྱེས་པའི་ལྡུམ་བུ་རེ་རེ་ཕྱིར་འབྱིན་རྗེས་ལག་པ་འཕར་འཕར་བྱེད་ཞོར་དྲོད་ཁང་དུ་སྐྱེས་པའི་སྔོ་རིགས་བསྟན་ཞོར། ང་ཚོའི་དྲོད་ཁང་འདིར་སྣུམ་ཚལ་དང་། ཙོང་། ལ་ཕུག ཀེའུ། ཚལ་ཀྭ། ཧུང་ཀྭ་སོགས་བཏབས་ཡོད་ཟེར།

ཟོ་སྐྱ་ཡུལ་ཚོ་ནི་ཞིང་ཆེན་གྱི་ལྟེ་བ་ཟི་ལིང་གྲོང་ཁྱེར་བར་ལེ་དབར1300ཡོད་ཅིང་། ཡུལ་དེར་དགོས་པའི་སྔོ་ཚལ་རྣམས་དུས་རྒྱུན་ཟི་ལིང་དང་མཚོ་ཤར་སོགས་ནས་སྐྱེལ་འདྲེན་བྱེད་པ་ཡིན།

ན་ནིང་། འབྲི་སྟོད་རྫོང་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཟོ་སྐྱ་ཡུལ་ཚོར་ཡང་བསྐྱར་སྔོ་ཚལ་འདེབས་འཛུགས་ཚོད་ལྟ་བྱས་ནས་ལེགས་འགྲུབ་བྱུང་བས། ང་ཚོས་ཡང་བསྐྱར་རི་འདབས་ཀྱི་ཉིན་ཕྱོགས་ནས་དྲོད་ཁང་ཕབ་པ་ཡིན། དེར་འགྱིག་ཤོག་མཐིག་པོ་དང་། དྲོད་སྲུང་ལ་སོགས་ཀྱི་རྒྱུ་ཆ་གསར་པ་སྤྱད་དེ། དྲོད་ཁང་ལ་དགོས་པའི་ཉི་འོད་དང་། དྲོད་འདོན་གནད་དོན་འགན་ལེན་བྱས་པ་དང་། དྲོད་ཁང་དང་དེའི་ས་རྒྱུ་སོགས་ལ་བདག་སྐྱོང་བཟང་བོ་བྱས་པས། ད་ལོར་སྔོ་ཚལ་སྣ7བཏབས་པ་ཡང་སྐྱེས་སྟོབས་ཧ་ཅང་ལེགས་ཟེར།

ཁོན་ཐར་འཚོས་བསྒྱུར།