ལོ་ལོན་དག་གི་མགོ་སྐོར་བསླུ་བྲིད་འགོག་པའི་གྱོད་དཔེ་མི་འདྲ་པ་བཅུ།

ཉིན་རེར་མགོ་སྐོར་བསླུ་བྲིད་གསར་པ་འབྱུང་བཞིན་པས།། ལོ་ལོན་རྒན་པ་དག་གིས་ངེས་པར་སེམས་ཆུང་བྱོས།།

1.ཁམས་གསོའི་དུག་འདོན་གྱི་གཡོ་ཇུས།

གྱོད་དཔེ། ཁམས་གསོ་ཁང་ག་གེ་མོ་ཡིས་རྐང་པ་བཀྲུས་ན་དུག་འདོན་པར་ཁ་གཡར་ནས། གློག་ནུས་ཚྭ་ཆུའི་རྫས་འགྱུར་སྣང་ཚུལ་ལས་ནག་པོར་འགྱུར་པའི་གཞུང་ལུགས་ལ་བརྟེན་ནས། ལོ་ལོན་དག་གིས་རྐང་པ་བཀྲུས་ན་དུག་འདོན་ཐུབ་པའི་མགོ་སྐོར་བཏང་། དེ་དང་ཆབས་ཅིག་ལོ་ལོན་དག་ལ་ཡོངས་གྲགས་ཀྱི་དུག་འདོན་སྨན་ཆུ་ཉོ་རུ་བཅུག་སྟེ། སྨན་དེ་འཐུང་ཚར་རྗེས་ལུས་པོའི་ཁོངས་གསེང་གི་དུག་རྒྱུ་ཕྱིར་འདོན་ཐུབ་པས། སྨན་དམ་གཅིག་གི་རིན་གོང་སྒོར་ཁྲི་ཡི་ཡན་དང་སྨན་དམ་གསུམ་ནི་སྨན་བཅོས་དུས་ཡུན་གཅིག་ཡིན་ཟེར། ཁམས་གསོ་ཁང་དེས་འདི་ལྟ་བུའི་རྐང་བཀྲུས་དུག་འདོན་གཡོ་ཇུས་ལ་བརྟེན་ནས་ལོ་ལོན་བཅུ་ཕྲག་ལྷག་ལ་མགོ་སྐོར་བཏང་སྟེ་སྒོར་ས་ཡ་ལྷག་ལ་ཉེ་བ་གཡོ་ལེན་བྱས།

ཉེན་རྟོག་པའི་གསལ་འདེབས།

ལོ་ལོན་དག་གིས་བདེ་ཐང་ཁམས་གསོ་ལ་དོ་ཁུར་བྱེད་བཞིན་ཡོད་པས། མགོ་སྐོར་མཁན་ཡང་མང་པོ་ཞིག་གིས་གོ་སྐབས་འདིར་བརྟེན་ནས་བདེ་ཐང་ཐད་ཀྱི་མགོ་སྐོར་བསླུ་བྲིད་བྱེད་ཐབས་འདྲ་མིན་སྣ་ཚོགས་བཀོལ་བཞིན་ཡོད་པས་གཟབ་དགོས།

2.ཁ་པར་ལས་གོང་རིམ་ཡིག་ཆ་ཡིན་ཚུལ་བསྒྲགས་པའི་གཡོ་ཇུས།

གྱོད་དཔེ། ལོ78ལ་སོན་པའི་ཨ་མྱེས་ཀྲང་གིས་མགོ་སྐོར་བསླུ་བྲིད་ཀྱི་ཁ་པར་ལ་ཉན་རྗེས། གོང་རིམ་ཡིག་ཆ་ཞིག་འབྱོར་ནས་འཛིན་བཟུང་བྱ་རྒྱུ་ཡིན་པས། ངེས་པར་དུ་སྒོར་ཁྲི60ཡི་འགན་བཅོལ་དངུལ་སྤྲད་དེ་རང་ཉིད་དཀར་འདོན་བྱེད་དགོས་ཟེར། དེར་མཐུད་ཁོས་རང་གི་ཁང་བ་དེ་རིན་གོང་དམའ་མོའི་ངང་ཀུང་ཟི་ཞིག་ལ་བཙོངས། རྗེས་སུ་ཁང་བ་ཉོ་མཁན་དེས་ཁང་ཡིག་བཟུང་ནས་རྒན་པོ་ཚང་ལ་འོང་སྟེ་ཁོ་མྱུར་དུ་བཙན་གྱིས་གནས་སྤོར་བྱེད་དུ་བཅུག རྒྱུས་ལོན་ལས་ཤེས་གསལ་ལྟར་ན། རྒན་པོ་རིན་ཐང་སྒོར་ཁྲི210ཅན་གྱི་ཁང་བ་དེ་སྒོར་ཁྲི160བྱས་ནས་བཙོངས། དེའི་མི་ཚད་རྒན་པོས་ཁང་ཡིག་གཏའ་མར་བཞག་པ་དེ་མ་བསམ་ས་ནས་ཁང་བ་ཉོ་མཁན་དུ་གྱུར་ལ། དེར་མ་ཟད་དོན་དག་དེ་རང་གི་ཁྱིམ་མི་རྣམ་ལ་ཡང་གཏན་ནས་མ་བཤད།

ཉེན་རྟོག་པའི་གསལ་འདེབས།

ཁ་པར་གྱི་མགོ་སྐོར་བསླུ་བྲིད་དེ་རྒྱུན་ལྡན་ཅན་ཏུ་གྱུར་ཡོད་ལ། ཉེ་ལམ་མགོ་སྐོར་མཁན་གྱིས་གོང་རིམ་ཡིག་ཆའི་བྱེད་ཐབས་བཀོལ་བཞིན་ཡོད། དོན་དངོས་སུ་འདི་ནི་སྤྱི་པའི་ཞིབ་བཤེར་བཅའ་ཁྲིམས་ལ་བརྫུས་བཟོ་བྱས་པར་གཏོགས་པས་འདིའི་རིགས་ཀྱི་གནས་ཚུལ་ལ་ངེས་པར་དུ་འགོག་སྲུང་ནན་མོ་བྱ་དགོས།

3.ལུས་གསོའི་ཐོན་རྫས་ཀྱི་གཡོ་ཇུས།

གྱོད་དཔེ། ཨ་མྱེས་ལི་ལགས་ཀྱིས་ལུས་གསོའི་ཐོན་རྫས་སྐོར་གྱི་ཚོང་འཕྲིན་ཞིག་ལ་བལྟ་དུས། མ་བསམ་ས་ནས་ཁོའི་རྒན་མོའི་སེམས་ལ་ཟ་འཕྲུག་ལངས་དུ་བཅུག ཁོ་མོས་ཨ་མྱེས་ལི་དང་བུ་བུ་མོ་དག་ལ་གསང་སྟེ། རིམ་པ་མི་འདྲ་པའི་མ་དངུལ་བཏང་ནས་དུས་ཡུན་ཟླ3གྱི་ནང་སྒོར་ཁྲི་ལྷག་གིས་རིན་ཐང་ཅི་ཡང་མེད་པའི་ལུས་གསོའི་སྨན་རྫས་མང་པོ་ཉོས།

ཉེན་རྟོག་པའི་གསལ་འདེབས།

ལུས་གསོའི་ཐོན་རྫས་ཀྱི་གཡོ་ཇུས་ནམ་རྒྱུན་འབྱུང་བཞིན་ཡོད་པས། ནད་རིགས་འདྲ་མིན་གྱིས་དཀའ་ཁག་ལ་གཏད་པའི་ལོ་ལོན་དག་གཡོ་འོག་ཏུ་ཚུད་སླ་པས། འདིའི་ཕྱོགས་ལ་ངེས་པར་དུ་དོགས་ཟོན་ནན་མོ་བྱ་དགོས།

4.སྒོར་མོ་རྫུན་མ་ངོ་མར་བརྗེས་པའི་གཡོ་ཇུས།

གྱོད་དཔེ། རི་ཁུལ་དུ་ཡོད་པའི་རྫོང་ག་གེ་མོ་ཞིག་ལ་གསར་བུ་བཞི་ཡིས་རླངས་འཁོར་མིང་གྲགས་ཅན་ཞིག་བསྐོར་འོངས་སྟེ། གོང་རིམ་འགོ་ཁྲིད་ཀྱི་སྐྱེས་སྐར་ལ་སྒོར་མོ་བརྒྱ་ཤོག་ཅན་གྲ་སྒྲིག་བྱས་མེད་པར་ཁ་གཡར་ནས། ཆེད་དུ་གྲོང་གསེབ་ཀྱི་ལོ་ལོན་དག་བཙལ་ནས་སྒོར་མོ་རྫུན་མ་ངོ་མར་བརྗེས། ས་ཁུལ་མང་པོ་ཞིག་ཏུ་དེ་ལྟར་སྒྲུབ་སྟེ་ཁྱོན་བསྡོམས་པས་སྒོར་ཁྲི་བཅུ་ལྷག་གཡོ་ལེན་བྱས། མི་འདི་བཞི་པོ་སོ་སོར་ལོ3-4བར་གྱི་ཁྲིམས་ཐག་བཅད་པ་དང་གནོད་འཚེ་ཕོགས་པའི་མི་སྣ་དག་ལ་དཔལ་འབྱོར་གྱི་སྐྱིན་ཚབས་སྤྲོད་དགོས་པའི་བཀའ་རྒྱ་བསྒྲགས།

ཉེན་རྟོག་པའི་གསལ་འདེབས།

ལོ་ལོན་མི་ཉུང་བ་ཞིག་གིས་སྒོར་མོའི་བདེན་རྫུན་གྱི་དབྱེ་བ་གསལ་འབྱེད་བྱེད་མི་ཤེས་ཤིང་། དེའི་ཁར་མི་ཆ་མེད་ལ་ཡིད་ཆེས་བྱེད་སླ། སྒོར་མོ་བརྗེས་པའི་དོན་དག་འདིའི་རིགས་ལ་ངེས་པར་དུ་གཟབས་རོགས།

5.བྱ་དགའ་ཐོབ་པའི་གཡོ་ཇུས།

གྱོད་དཔེ། གྲོང་འདབས་སུ་ཡོད་པའི་རྒན་མོ་མཱ་ལ་ཉིན་འགའི་ཡར་སྔོན་དུ་འཕྲིན་ཡིག་ཞིག་འབྱོར་ལ། ཡིག་སྐོགས་ཀྱི་ནང་དུ་ཀུང་ཟི་ག་གེ་མོ་ཞིག་གིས་གནང་པའི་རྒྱན་ཤོག་བྱང་བུ་དང་ད་རུང་ཡོངས་བསྒྲགས་ཡི་གེ་ཡང་ཡོད། རྒན་མོ་མཱ་ཡིས་གསལ་བོར་བལྟས་དུས་རང་ཉིད་ལ་སྒོར་ཁྲི200ཡི་བྱ་དགའ་ཐོབ་འདུག མོ་དགའ་སྤྲོ་ཚད་མེད་སྐྱེས་ནས་མྱུར་དུ་ཤོག་བྱང་སྟེང་གི་ཨང་གྲངས་ལ་འབྲེལ་གཏུག་བྱས་ཏེ་རྒྱན་དངུལ་ལེན་རྒྱུར་བྲེལ། སྔ་གཞུག་ཏུ་ཁོ་མོས་ཁ་པར་ལས་བཤད་པའི་རེ་འདུན་ལྟར་ཕ་རོལ་བོར་སྒོར་མོ་བསྐུར་ནས་ཁྱོན་བསྡོམས་སྒོར་ཁྲི16གཡོ་ལེན་བྱས་སོང་།

ཉེན་རྟོག་པའི་གསལ་འདེབས།

རྒྱན་ཤོག་རིགས་ཀྱི་མགོ་སྐོར་བསླུ་བྲིད་དེ་རྒྱུན་འབྱམ་དུ་སོང་ཡོད་པས། གནས་ཚུལ་འདིའི་རིགས་ལ་འཕྲད་དུས་ངེས་པར་དུ་མཉམ་འཇོག་བྱ་དགོས།

6.རིན་མེད་གནང་སྦྱིན་གྱི་གཡོ་ཇུས།

གྱོད་དཔེ། མི་སྐོར་ཞིག་གིས་ལུས་གསོའི་སྨན་རྫས་ཕྱིར་འཚོང་བྱེད་པར་ཁ་གཡར་ནས། གནས་ཡུལ་གང་རུང་ཞིག་ཏུ་ལོ་ལོན་དག་ལ་སློབ་ཁྲིད་བྱས་ཏེ་མགོ་སྐོར་བསླུ་བྲིད་བཏང་། ཁོ་ཚོས་བྱ་སྒོང་དང་ཤིང་ཏོག ད་རུང་གློག་ཆས་ཆུང་ཆུང་སོགས་རིན་མེད་སྒོས་བྱིན་ནས། ཉིན་རེ་རེར་སློབ་ཁྲིད་ལ་ཉན་པའི་ལོ་ལོན་ཇེ་མང་ནས་ཇེ་མང་དུ་སོང་། ལོ་ལོན་དག་གི་བློ་ཁ་ཡོངས་སུ་བསྒྱུར་རྗེས་མགོ་སྐོར་མཁན་དག་གིས་ཁོ་ཚོར་བེད་སྤྱོད་ཀྱི་རིན་ཐང་ཅི་ཡང་མེད་པའི་ཐོན་རྫས་ཉོ་རུ་བཅུག་སྟེ། ལོ་ལོན་དག་བསླུ་བྲིད་ཀྱི་རྒྱ་རུ་ཚུད།

ཉེན་རྟོག་པའི་གསལ་འདེབས།

འཇིག་རྟེན་ན་རིན་སྟེར་མི་དགོས་པ་ཞིག་གང་ན་ཡོད་དམ། འདི་ལྟ་བུའི་རིན་མེད་གནང་སྦྱིན་གྱི་མགོ་སྐོར་བསླུ་བྲིད་ཀྱིས་ཁེ་བཟང་ལེན་པར་འདོད་པའི་ལོ་ལོན་དག་གི་སེམས་ཁམས་ཀྱི་ཞན་ཆ་དེ་འཛིན་བཟུང་བྱས་ཡོད།

7.ཕོགས་མཐོན་པོ་སྟེར་པའི་གཡོ་ཇུས།

གྱོད་དཔེ། ཡུལ་ཐའེ་ཀྲུའུ་རུ་ཡོད་པའི་ཨ་མྱེས་ཀྲང་མ་བསམ་ས་ནས་ལྟས་བཟང་ཤིག་ལ་འཕྲད་བྱུང་། ཁྱོད་རང་ཐའེ་ཀྲུའུ་རྒན་པའི་མཐུན་ཚོགས་ཀྱི་སྣང་བརྙན་སྨྲ་ཚབ་པ་ལ་བདམས་ཐོན་བྱུང་པར་རྟེན་འབྲེལ་ཞུ། ཟླ་ཕོགས་སྒོར6000ཡོད། ཐོག་མར་ཨ་མྱེས་ཀྲང་ཡིད་མ་ཆེས། འོན་ཀྱང་རང་ཉིད་ཀྲུང་གོའི་རྒན་རབས་པའི་མཐུན་ཚོགས་ས་གནས་གཏན་སྡོད་དོན་གཅོད་ཁྲུའུ་ཡི་འགན་ཁུར་པ་ཡིན་ཟེར་པའི་བུད་མེད་ཞིག་གིས་དེ་ལྟར་བཤད་པས་ད་བཟོད་ཡིད་ཆེས་པར་གྱུར། སྣང་བརྙན་སྨྲ་ཚབ་པའི་ཟླ་ཕོགས་མཐོན་པོ་དེ་ལེན་པར་ཐོག་མར་ཨ་མྱེས་ཀྲང་གིས་ཐོག་མཐའ་བར་གསུམ་དུ་འགྲོ་ལུགས་རིན་དངུལ་དང་འགན་སྲུང་རིན་དངུལ་སོགས་སྒོར་ཁྲི་བཅུ་ལྷག་སྤྲད་ཚར། ཡིན་ཡང་མཐུན་ཚོགས་ཀྱི་འགན་ཁུར་མི་སྣ་དག་ལ་དུས་དེ་ནས་བཟུང་འབྲེལ་གཏུག་བྱེད་ཐབས་བྲལ།

ཉེན་རྟོག་པའི་གསལ་འདེབས།

ཕར་སྒོར་མོ་སྤྲོད་པའི་གནད་དོན་ལ་འཕྲད་སྐབས་ངེས་པར་དུ་མཉམ་འཇོག་བྱ་དགོས་ཤིང་། མགོ་སྐོར་བསླུ་བྲིད་གཏོང་མཁན་མང་པོ་ཞིག་གིས་ལོ་ལོན་དག་གིས་རང་ཉིད་ལོ་ལོན་མིན་པ་དང་རྒྱལ་ཁ་ལ་སྙེག་པའི་ཐོག་མའི་སེམས་ཁམས་དེ་བེད་སྤྱད་ནས་མགོ་སྐོར་བསླུ་བྲིད་གཏོང་བཞིན་ཡོད།

8.བརྩམས་ཆོས་འགོད་པའི་གཡོ་ཇུས།

གྱོད་དཔེ། ཨ་མྱེས་ལིག་ལགས་ནི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་དགེ་རྒན་ཞིག་ཡིན་ལ། ཡི་གེ་དང་རི་མོ་སོགས་འབྲི་རྒྱུ་ནི་ཁོའི་དགའ་ཕྱོགས་སུ་གྱུར་ཡོད། ཨ་མྱེས་ལིག་ལགས་ཀྱིས་བྱ་འགུལ་སྣ་ཚོགས་ལ་བརྟེན་ནས་མི་ཆ་མེད་ཞིག་ངོ་ཤེས་པར་གྱུར། མི་ཆ་མེད་དེས་ཨ་མྱེས་ལིག་ལ་རོགས་བྱས་ཏེ་བརྩམས་ཆོས་འགོད་རྒྱུ་ཁས་བླངས། ཡིན་ཡང་པར་གཞིའི་རིན་དངུལ་སྒོར6000སྤྲོད་དགོས་ཟེར། ཨ་མྱེས་ལིག་གིས་སྐད་ཆ་དེ་ཐོས་མ་ཐག་ཕ་རོལ་བོར་མྱུར་དུ་སྒོར6000བྱིན། རྗེས་སུ་ཨ་མྱེས་ལིག་ལ་ངོ་མས་ཚགས་པར་ཞིག་འབྱོར་བ་དང་དེའི་སྟེང་དུ་ཁོའི་པུར་སྨྱུག་གིས་བྲིས་པའི་ཡིག་གཟུགས་འགོད་འདུག དེའི་རྗེས་སུ་ཨ་མྱེས་ལིག་གིས་ད་རུང་མཚམས་མ་བཞག་པར་ཡིག་གཟུགས་ཚགས་པར་དེའི་སྟེང་དུ་བརྩམས་ཆོས་མང་པོ་བཀོད། དེ་བཞིན་དུ་ཨ་མྱེས་ལིག་གིས་པར་གཞིའི་རིན་དངུལ་ཡང་སྒོར་ཁྲི་ལྷག་སྤྲད་ཟིན།

ཉེན་རྟོག་པའི་གསལ་འདེབས།

འདི་ལྟ་བུའི་མགོ་སྐོར་བསླུ་བྲིད་ཀྱིས་ལོ་ལོན་དག་གི་མི་སྒེར་གྱི་དགའ་ཕྱོགས་ལ་བརྟེན་ནས་ཁ་གཡར་ས་འདྲ་མིན་བཙལ་ཏེ་ལོ་ལོན་དག་གི་སྒོར་མོ་གཡོ་ལེན་བྱེད་བཞིན་ཡོད།

9.ངོ་ཤེས་ལ་བརྫུས་པའི་གཡོ་ཇུས།

གྱོད་དཔེ།རྒན་མོ་ཅང་ལགས་སྔོ་ཚོད་ཁྲོམ་ར་ལ་ཉོ་འཚོང་བྱེད་དུ་སོང་དུས་རང་གི་བུ་མོའི་གྲོགས་པོ་ཞིག་ཡིན་ཟེར་མཁན་ཞིག་གིས་རང་གི་ཕ་རྒན་ལ་དྲག་སྐྱེད་དཀའ་པའི་ནད་བྱུང་ཡོད་ལ། གཞན་གྱིས་བཤད་པ་ལྟར་ན་རྒྱན་རྙིང་གིས་ནད་དེ་དྲག་ཐུབ་ཟེར། རྒྱན་རྙིང་ཞེས་པ་ནི་ལོ་ལོན་དག་གིས་ལོ་མང་པོར་ལུས་ལ་བཏགས་པའི་རྒྱན་ཆ་ལ་དབྱང་འགྱུར་འདུས་འདྲེས་ཡོད་པ་དེར་ཟེར། དེའི་འཕྲོར་མི་དེས་རྒན་མོ་ཅང་ལ་ཞུ་བ་བྱས་ཏེ་ཁོ་མོའི་མཛུབ་དཀྲིས་གཡར་སོང་སྟེ་རྒྱན་རྙིང་སྟེང་གི་རྫས་བླངས་རྗེས་ཕྱིར་སྟེར་ཟེར། རྒན་མོ་ཅང་གིས་སྐབས་དེར་འདང་ཅི་ཡང་མ་བརྒྱབ་པར་ཡིད་འཐད་བྱུང་ནས། རང་ཉིད་ཀྱི་མཛུབ་དཀྲིས་དང་ད་རུང་སྐེ་རྒྱན་གཉིས་ཀ་བླངས་ནས་མི་དེར་བྱིན། དེའི་འཕྲོར་རྒན་མོ་ཅང་གིས་རང་གི་བུ་མོར་ཁ་པར་བཏང་དུས་ད་བཟོད་རང་ཉིད་ཕ་རོལ་བོའི་གཡོ་འོག་ཏུ་ཚུད་པ་ཤེས།

ཉེན་རྟོག་པའི་གསལ་འདེབས།

འདི་ལྟ་བུའི་གཡོ་ཇུས་ནི་སྒོར་མོ་བསྐུར་བ་ནང་བཞིན་ཐོག་མར་ཁ་པར་བརྒྱབ་ནས་ཕ་རོལ་པོའི་ཐོབ་ཐང་ངོས་འཛིན་དང་གཏན་ཁེལ་གསལ་བོ་བྱ་དགོས།

10.ནད་བགེགས་བར་ཆད་སེལ་པའི་གཡོ་ཇུས།

གྱོད་དཔེ། ཨ་ནེ་ཀྲང་ཕྱི་རོལ་ལ་སྔོ་ཚོད་ཉོ་རུ་སོང་དུས་མགོ་སྐོར་བསླུ་བྲིད་གཏོང་མཁན་ཞིག་ལ་འཕྲད། ཡོངས་གྲགས་སུ་ལྷ་རྗེ་རུ་འབོད་མཁན་ལ་མངོན་ཤེས་ཡོད་པར་བཤད། དེའི་འཕྲོར་ཨ་ནེ་ཀྲང་ཁྲིད་ནས་བཙལ་དུ་སོང་། དེའི་འཕྲོར་ལྷ་རྗེ་དེས་མཛུབ་མོ་ནང་བཀུགས་ཀྱིས་རྩིས་བརྒྱབ་རྗེས་ཨ་ནེ་ཀྲང་ལ་ཁྱོད་ཀྱི་བུ་ཆུང་ཉིན་བཅུའི་ནང་ཆག་སྒོ་ཞིག་ལ་འཕྲད་པའི་ལྟས་ངན་བྱུང་རྒྱུ་རེད། གལ་ཏེ་ཁྱོའི་ཡུལ་ན་ཡོད་པའི་རིན་ཐང་ཅན་གྱི་དངོས་པོ་དང་སྒོར་མོ་ཚང་མ་ཁྱེར་ཤོག་བཏང་། དེར་བཅའ་རྒྱུ་ལས་རྒྱུ་ཞིག་ཡོད་པས་ཆག་སྒོ་དེར་གཡོལ་ཐུབ་སྐད། ཨ་ནེ་ཀྲང་ལ་འཚུབ་ཆ་ལངས་ནས་མྱུར་དུ་ཡུལ་ལ་སོང་སྟེ་སྒོར་ཁྲི8ཡོད་པ་དེ་མགོ་སྐོར་གཏོང་མཁན་ལ་སྤྲད། མགོ་སྐོར་མཁན་གྱིས་ཆོས་ཀྱི་བྱེད་སྒོ་ལ་ཁ་གཡར་ནས་ཨ་ནེ་ཀྲང་གི་ལག་གི་སྒོར་མོ་གཡོ་ལེན་བྱས།

ཉེན་རྟོག་པའི་གསལ་འདེབས།

ལྷ་འདྲེ་གདོན་བགེགས་ཀྱི་བཤད་ཚུལ་དེ་ནི་རྨོངས་དད་ཀྱི་རིགས་ཡིན་པས། སྒོར་མོས་ཆག་སྒོ་སེལ་ཐུབ་པའི་བཤད་རྒྱུན་དེར་ཡིད་ཆེས་གཏན་ནས་བྱེད་མི་རུང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།