ཐོག་གི་གནོད་པ་ལ་གཡོལ་ཐབས།

ནམ་ཟླ་དབྱར་གྱི་དུས་ལ་སླེབས་ནས། ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་ལ། རི་ཆུ་ནགས་གསུམ་དང་རི་ལུང་ཐང་གསུམ་ཀུན་ལ་སྔོ་ལྗང་གི་སྐྱེས་སྟོབས་ཀྱི་དཔལ་རྫོགས་ཏེ། ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་ཞིང་རྩྭ་ལྗང་མེ་ཏོག་རྣམ་པར་རྒྱས་པའི་དུས་ཚིགས་འདིར། ང་ཚོས་དབྱར་ཁའི་ཐུན་མོང་མ་ཡིན་པའི་མཛེས་སྡུག་དང་ཕུན་སུམ་ཚོགས་པའི་བདེ་བག་ལོངས་སུ་སྤྱོད་པའི་དུས་མཚུངས་སུ། དབྱར་ཁའི་དུས་ལ་འབྱུང་སླ་བའི་རང་བྱུང་གི་གནོད་པ་སྐོར་ཞིག་ལ་རྒྱུན་དུ་མཉམ་འཇོག་བྱ་དགོས་ཏེ། དབྱར་ཁའི་དུས་ཚིགས་འདི་ལ། གློག་དམར་འཁྱུག་པའི་ཆར་ཤ་ཆེན་པོ་ཡོང་ཐེངས་མང་བ་དེ་རྒྱུན་ལྡན་གྱི་གནམ་གཤིས་འགྱུར་ལྡོག་ཅིག་ཡིན་ཅིང་། ང་ཚོ་མཐོ་སྒང་གི་ཡུལ་འདིར་དབྱར་ཁའི་དུས་ལ་ཉི་མ་རིང་བ་དང་གནམ་གཤིས་དྲོ་གྲང་རན་པ་སོགས་ཀྱི་དབང་གིས་མི་རྣམས་ཀྱིས་ཕྱི་རོལ་ནས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་དུས་ཚོད་ཡང་ལྟོས་བཅས་ཀྱིས་རིང་བ་ཡིན། དེའི་སྟབས་ཀྱིས་དབྱར་ཁའི་དུས་ལ་མི་ཕྱུགས་གཉིས་ལ་ཐོག་གི་གནོད་པ་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ། དེ་བས་ངེད་ཨ་མདོ་བརྙན་འཕྲིན་གྱི་སྨྱན་སྦྱོར་གསར་བའི་འཕྲིན་སྟེགས་ཀྱིས་རྒྱ་ཆེའི་དྲ་དམངས་ཡོངས་ལ་ཐོག་གི་གནོད་པ་ལ་གཡོལ་ཐབས་ཀྱི་རྩ་བའི་རྒྱུན་ཤེས་སྐོར་ཞིག་འདི་གར་ཁོལ་དུ་ཕྱུང་ནས་བཀོད་པ་འདི་ལྟ་སྟེ།

གཅིག འབྲུག་གྲགས་ནས་གློག་དམར་འཁྱུག་པའི་ཆར་ཤ་ཆེན་པོ་ཡོང་བའི་སྐབས་སུ། མྱུར་དུ་ཁྱིམ་ལ་འཛུལ་ནས། སྒོ་དང་སྒེའུ་ཁུང་རྒྱག་པ་དང་ཁྱིམ་གྱི་གློག་ཁུངས་སྒོ་བརྒྱབ་ནས་འདུག་རྒྱུ་ནི། ཐོག་གི་གནོད་པ་ལ་གཡོལ་བའི་ཆེས་བདེ་འཇགས་ཀྱི་ཐབས་ཤེས་ཨང་དང་པོ་ཡིན།

གཉིས། གལ་ཏེ་ཁྱེད་རང་ཕྱི་ལོགས་སམ་ཡང་ན་ལམ་སྐབས་སུ་ཡོད་པ་ཡིན་ན། ཐོག་མར་རང་གི་ཁ་པར་གྱི་གློག་སྒོ་མྱུར་དུ་རྒྱག་དགོས་ལ། ཆ་རྐྱེན་འཛོམས་ན་འགྱིག་ཤོག་ཁུག་མའི་ནང་ལ་བཅུག་ན་བཟང་ཞིང་། དེ་ནས་རང་གི་ལུས་སྟེང་ན་ལྕགས་རིགས་འདྲེས་པའི་རྒྱན་ཆ་དང་ལག་ཆ་ཡོ་བྱད་སོགས་ཅི་ཡོད་ན། འགྱིག་ཁུག་ལ་བཅུག་ནས་བདག་བྱེད་པའམ་ཡང་ན་རང་ཉིད་དང་ཐག་རིང་སར་འཕེན་དགོས།

གསུམ། མྱུར་དུ་བདེ་འཇགས་ཡིན་ས་ཞིག་བཙལ་ནས། ལུས་ས་ལ་ཉལ་ནས་འདུག་པའམ་ཡང་ན་ལུས་དམའ་མོ་བྱས་ནས་ཙོག་པུར་འདུག་དགོས་ལ། གློག་སྡོང་དང་དར་ཤིང་། ཤིང་སྡོང་ཁེར་སྐྱེས། ལྕགས་དྲ་སོགས་དང་ལྕགས་རིགས་འདྲེས་པའི་དངོས་པོ་ཆེན་པོའི་ཉེ་འགྲམ་ནས་འདུག་མི་རུང་།

བཞི། གློག་དམར་འཁྱུག་པའི་ཆར་ཤ་ཆེན་པོའི་ནང་ལ་ཡར་རྒྱུག་མར་རྒྱུག་དང་འགྲོ་འདུག་མང་པོ་མ་བྱས་ན་བཟང་ལ། འཕྲུལ་རྟ་དང་ལྕགས་རྟ། ཞོན་རྟ་སོགས་ལ་ཞོན་ནས་འགྲོ་འདུག་བྱེད་པ་དེ་བས་ཀྱང་མི་རུང་ངོ་།

ལྔ། ཆར་གཞའ་འམ་ཐོག་ལ་གཡོལ་སྐབས། ས་ཁུང་དང་བྲག་ཕུག་གི་སྒོ་ཁ། གྱང་རྩ་དང་གད་རྩ། བྲག་གཟར་མོའི་རྩ་ནས་འདུག་མི་རུང་ཞིང་། ཕུག་པ་ཟབ་ཅིང་ཁོད་ཡངས་ལ། སྐམ་པོ་ཡིན་པའི་ནང་ལ་བསྡད་ན་ཐོག་གི་གནོད་པ་ཕོག་མི་སྲིད།

དྲུག རླངས་འཁོར་ལ་ཐོག་འགོག་གི་ནུས་པ་ཡོད་པས་རླངས་འཁོར་ནང་བསྡད་ན་བདེ་འཇགས་ཡིན། ཡིན་ན་ཡང་། རླངས་འཁོར་འགྲོ་མཚམས་བཞག་ནས་རླངས་འཁོར་འདུག་ཆོག་སའི་བདེ་འཇགས་ཀྱི་གནས་སུ་བསྡད་རྗེས་རླངས་འཁོར་གྱི་གློག་སྒོ་རྒྱག་དགོས།

གོང་དུ་བཀོད་པ་ནི། ཐོག་གི་གནོད་པ་ལ་གཡོལ་ཐབས་ཀྱི་ཆེས་གལ་ཆེ་བའི་རྒྱུན་ཤེས་སྐོར་ཞིག་ཡིན་ཅིང་། བོད་འབྲེལ་ས་ཁུལ་མང་པོའི་རྒྱ་ཆེའི་རོང་འབྲོག་མང་ཚོགས་རྣམས་དབྱར་ཁའི་དུས་སུ་རྫ་ཁ་རི་ཁ་དང་། ས་སྟོང་ལུང་སྟོང་ནས་ཕྱུགས་རྫིར་འགྲོ་བའམ་དབྱར་རྩྭ་བརྐོ་བ། སྨན་རྩྭ་འཐུ་བ་སོགས་ཕྱི་རོལ་ནས་ལས་ཀ་བྱེད་པ་ཧ་ཅང་རྒྱུན་ལྡན་ཡིན་པའི་གནས་ཚུལ་ལ་དམིགས་ནས་འདིར་ཆེད་དུ་བཀོད་སྒྲིག་གནང་བ་ཡིན་པས་ཀུན་གྱིས་རྒྱུན་ཤེས་འདི་དག་ཡིད་ལ་འཇགས་པར་བྱས་ནས་ཐོག་གི་གནོད་པ་ལ་གཟབ་གཟབ་བྱ་དགོས་པའི་འབོད་སྐུལ་བཏང་བ་ཡིན་ནོ།།