2022ལོའི་མཚོ་སྔོན་གྱི་མཐོ་རྒྱུགས་སློབ་མས་མཉམ་འཇོག་བྱ་རོགས། དེ་རིང་ནས་བཟུང་དྲ་ལམ་ནས་རེ་འདུན་རེའུ་མིག་སྐོང་པའི་ལད་འཁྲབ་སྦྱོང་བརྡར་བྱས་ཆོག

— ཞིང་ཆེན་ཡོངས་ཀྱིས2022ལོའི་སྤྱིར་བཏང་མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་དྲ་ལམ་ནས་སྐོང་པའི་ལད་འཁྲབ་སྦྱོང་བརྡར་སྤེལ་པའི་བརྡ་ཁྱབ།

ཞིང་ཆེན་ཡོངས་ཀྱིས2022ལོའི་སྤྱིར་བཏང་མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་དྲ་ལམ་ནས་སྐོང་པའི་ལད་འཁྲབ་སྦྱོང་བརྡར་སྤེལ་པའི་བརྡ་སྦྱོར།

རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་དག་གིས་སྤྱིར་བཏང་མཐོ་རྒྱུགས་དྲ་ལམ་དུ་རེ་འདུན་རེའུ་མིག་ཁ་སྐོང་པའི་མ་ལག་གི་བཀོལ་སྤྱོད་བྱེད་ཐབས་ལ་རྒྱུས་ལོན་བྱེད་པ་དང་། རེ་འདུན་རེའུ་མིག་སྐོང་པའི་མ་ལག་གི་འོས་འཚམ་རང་བཞིན་དང་བདེ་འཇགས་རང་བཞིན། བརྟན་འཇགས་རང་བཞིན་བཅས་ལ་ཚད་ལེན་ཚོད་ལྟ་ལེགས་པོ་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ2022ལོའི་སྤྱིར་བཏང་མཐོ་རྒྱུགས་དྲ་ལམ་རེ་འདུན་རེའུ་མིག་སྐོང་པའི་ལད་འཁྲབ་སྦྱོང་བརྡར་སྤེལ་རྒྱུ་ཐག་གཅོད་བྱས་ཤིང་། དེར་འབྲེལ་བརྡ་སྦྱོར་བཏང་པ་གཤམ་གསལ་ལྟར།

ལད་འཁྲབ་སྦྱོང་བརྡར་སྤེལ་པའི་དུས་ཚོད།

2022ལོའི་ཟླ6པའི་ཚེས10ཉིན་གྱི་ཆུ་ཚོད8ནས་ཟླ6པའི་ཚེས20ཉིན་གྱི་ཆུ་ཚོད23བར།

ཟབ་ཞུགས་མི་སྣ།

ཟླ6པའི་ནང་རྒྱལ་ཡོངས་གཅིག་གྱུར་གྱི་རིག་གནས་བསླབ་ཚན་རྒྱུགས་གཞི་ལ་ཞུགས་པའི་རང་ཞིང་གི་རྒྱུགས་སྤྲོད་སློབ་མ་ཡོངས་རྫོགས། (རྒྱུགས་གཞི་སྣ་གཅིག་ལ་སློབ་སྡུད་བྱེད་པའི་རྒྱུགས་སྤྲོད་མིང་ཐོ་འགོད་མཁན་དང་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གླིང་གི་རྒྱུགས་གཞི་སྣ་གཅིག་ལ་ཞུགས་པའི་རྒྱུགས་ཞུགས་སློབ་མ་མི་འདུ། )

ལས་སྒྲུབ་བྱེད་ཐབས།

གཅིག ཐེངས་འདིའི་ལད་འཁྲབ་སྦྱོང་བརྡར་ལ་ཞུགས་པའི་རྒྱུགས་སྤྲོད་པ་དག་གིས་མི་སྒེར་གྱི་རྒྱུགས་ཞུགས་ཨང་གྲངས་སྤྱད་དེ་ཐོ་འགོད་བྱས་ཆོག ཐོ་འགོད་གསང་གྲངས་ནི་རྒྱུགས་སྤྲོད་པ་མི་སྒེར་གྱི་ཐོབ་ཐང་ཨང་གྲངས་ཀྱི་ཨང9པ་ནས་ཨང14པའི་བར་ཡིན་ལ། རེ་འདུན་རེའུ་མིག་ཡར་སྤྲོད་གསང་གྲངས་ནི་ཐོབ་ཐང་ལག་འཁྱེར་ཨང་གྲངས་རྗེས་ཀྱི་གྲངས་ཀ6པོ་ཡིན།

གཉིས། རྒྱུགས་ལེན་པ་དག་གིས་སྤྱིར་བཏང་མཐོ་རྒྱུགས་དྲ་ལམ་རེ་འདུན་རེའུ་མིག་གི་མ་ལག་བཀོལ་སྤྱོད་བྱེད་ཐབས་ཁོང་དུ་ཆུད་པར་ཁག་ཐེག་བྱ་རེད། ཐེངས་འདིའི་ལད་འཁྲབ་སྦྱོང་བརྡར་ལ་ཡར་སྤྲོད་ཁ་གྲངས་ལ་ཚད་བཀག་མེད་པ་དང་། རྒྱུགས་ལེན་པ་དག་གིས་སྦྱོང་བརྡར་སྐབས་དུས་ངེས་མེད་དུ་ལད་འཁྲབ་རེ་འདུན་རེའུ་མིག་སྐོང་པ་དང་ཡར་སྤྲོད་བྱས་ཆོག

གསུམ། ལད་འཁྲབ་སྦྱོང་བརྡར་སྐབས་ཀྱི་སློབ་སྡུད་འཆར་གཞི་དེ《2021ལོའི་རྒྱལ་ཡོངས་སྤྱིར་བཏང་མཐོ་རིམ་སློབ་གྲྭས་མཚོ་སྔོན་གྱི་སློབ་མ་སློབ་སྡུད་བྱེད་པའི་འཆར་གཞི་དང་ཆེད་ལས་དཀར་ཆག》གཞིར་བཟུང་ནས། ལད་འཁྲབ་སྦྱོང་བརྡར་མཇུག་རྫོགས་རྗེས། རྒྱུགས་ཞུགས་པས་ལད་འཁྲབ་སྦྱོང་བརྡར་སྐབས་སུ་སྐོང་པའི་རེ་འདུན་གནས་ཚུལ་དང་ཐོ་འགོད་གསང་གྲངས། གསང་གྲངས་ཡར་སྤྲོད་སོགས་ཀྱི་གཞི་གྲངས་དེ་གཙང་སེལ་བྱས་ཏེ་མེད་པར་འགྱུར་ངེས།

བཞི། སྤྱིར་བཏང་མཐོ་རྒྱུགས་དྲ་ལམ་རེ་འདུན་རེའུ་མིག་སྐོང་པའི་མ་ལག་དྲ་གནས་དང་བཀོལ་སྤྱོད་བྱེད་ཐབས་ཞིབ་ཕྲའི་ཟུར་བཀོད། (མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་རྒྱུགས་ཞུགས་དྲ་གནསwww.qhjyks.com གཞི་གྲངས་རྒྱུགས་ལེན་སློབ་སྡུད“2022ལོའི་མཐོ་རྒྱུགས་ཀྱི་རྣམ་པ་ཆེད་དོན”ལེ་ཚན་ཁྲོད་ཕབ་ལེན་བྱས་ཆོག ལད་འཁྲབ་སྦྱོང་བརྡར་སྐབས་ཀྱི“རེ་འདུན་རེའུ་མིག་ཁ་སྐོང་རོགས་སྒྲུབ”བྱེད་ནུས་གནས་སྐབས་སུ་སྒོ་འབྱེད་བྱས་མེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།