ཟི་ལིང་གྲོང་ཁྱེར་གྱི་མཁར་གྲོང་གཙོ་བོ་དང་ཉེ་འཁོར་གྱི་འགྲིམ་འགྲུལ་བཀག་སྡོམ་གློད་པའི་སྐོར་གྱི་བརྡ་ཁྱབ།

རང་རེའི་དྲ་བའི་འཕྲིན། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་འགོག་ཟོན་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། རིམས་ནད་འགོག་ཟོན་གྱི་གྲུབ་འབྲས་སྲ་བརྟན་འཕེལ་རྒྱས་གཏང་ཆེད། འབྲེལ་ཡོད་ཀྱི་བཅའ་ཁྲིམས་གཏན་འབེབས་དང་གྲོང་ཁྱེར་གྱི་རིམས་ནད་འགོག་ཟོན་བྱ་བའི་བཀོད་འདོམས་པུའུ་ཡི་བླང་བྱ་གཞིར་བཟུང་སྟེ།

ཟི་ལིང་གྲོང་ཁྱེར་གྱི་མཁར་གྲོང་གཙོ་བོ་དང་མདོ་བ་ས་ཁུལ་གྱི་འགྲིམ་འགྲུལ་བཀག་སྡོམ་གློད་པའི་ཐད་བཏང་བའི་འབྲེལ་ཡོད་བརྡ་ཁྱབ་གཤམ་གསལ།

གཅིག བཀག་སྡོམ་གློད་པའི་དུས་ཚོད་དང་ས་ཁོངས།

2022ལོའི་ཟླ6པའི་ཚེས6ཉིན་གྱི་དགོང་མོའི་ཆུ་ཚོད0ནས་བཟུང་། མཁར་གྲོང་གཙོ་བོ་དང་མདོ་བ་ས་ཁུལ་གྱི་འགྲིམ་འགྲུལ་བཀག་སྡོམ་གློད་དེ། མཁར་གྲོང་གཙོ་བོ་དང་གྲོང་ཁྱེར་ཕྱི་ནང་གི་འགྲིམ་འགྲུལ་འགྲོ་འོང་སླར་གསོ་བྱས།

གཉིས། ཟི་ལིང་ཕྱི་ནང་གི་འགྲོ་འོང་ལམ་ཚིགས་ཀྱི་ཞིབ་བཤེར་ལ་མུ་མཐུད་དུ་ཤུགས་སྣོན་པ།

2022ལོའི་ཟླ6པའི་ཚེས6ཉིན་གྱི་དགོང་མོའི་ཆུ་ཚོད0ནས་བཟུང་། ཉིན་རེའི་ཆུ་ཚོད24ལ། མཚོ་ཤར་ནུབ་ཚིགས་དང་ཟི་ལིང་ཤར་ཚིགས། G109ལམ་ཐིག་གི་འགག་མདོ། ཅིང་བོད་མྱུར་ལམ་ལས་ཉི་ཟླ་རི་བོའི་ཞབས་ཞུ་ཁུལ། G22ལམ་ཐིག་གི་ཧེ་ཆོན་ཆུ་མཛོད་ཀྱི་ཞིབ་བཤེར་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བཅས་སུ་མུ་མཐུད་དུ་ཞིབ་བཤེར་བྱས་ཏེ། གྲོང་ཁྱེར་གྱི་རིམས་ནད་འགོག་ཟོན་བྱ་བའི་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་བྱེད་ཐབས་བླང་བྱ་དོན་འཁྱོལ་བྱ་རྒྱུ།

གསུམ། འགྲོ་འོང་བླང་བྱ།

1.མཁར་གྲོང་གཙོ་བོ་དང་ཁྱིམ་མཚེས་གྲོང་ཁྱེར། ཁྱིམ་མཚེས་ས་ཁུལ། ཁྱིམ་མཚེས་རྫོང་བཅས་ཀྱི་བར་ལ་འགྲོ་འོང་བྱ་ཆོག

2.གླ་གཏོང་རླངས་འཁོར་དང་དྲ་མངགས་རླངས་འཁོར། སྤྱི་སྤྱོད་རླངས་འཁོར་བཅས་ཀྱིས་རིམས་ནད་འགོག་ཟོན་བྱེད་ཐབས་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག་རྒྱུན་ལྡན་ལྟར་འགྲོ་འོང་བྱ་ཆོག

3.ལམ་ཐག་ཉེ་རིང་གི་འགྲུལ་སྐྱེལ་རླངས་འཁོར་ཅི་རིགས་རིམ་བཞིན་སླར་གསོ་བྱ་རྒྱུ།

4.ཞིང་ཆེན་ནང་ཁུལ་ནས་ཟི་ལིང་དུ་ཡོང་མཁན་ནམ་ཕྱིར་ཟི་ལིང་ལ་ལོག་མཁན་རླངས་འཁོར་ཁ་ལོ་པ་དང་འཁོར་སྡོད་པས་ཆུ་ཚོད72ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་དང་ལམ་ཐིག་ཨང་བཤེར། བདེ་ཐང་ཨང་བཤེར་བཅས་འདོན་སྤྲོད་བྱ་དགོས།

5.ཞིང་ཆེན་གཞན་ནས་ཟི་ལིང་དུ་ཡོང་མཁན་ནམ་ཕྱིར་ཟི་ལིང་དུ་ལོག་མཁན་རླངས་འཁོར་ཁ་ལོ་པ་དང་འཁོར་སྡོད་པས་ཆུ་ཚོད48ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་དང་ལམ་ཐིག་ཨང་བཤེར། བདེ་ཐང་ཨང་བཤེར་བཅས་འདོན་སྤྲོད་བྱ་དགོས་པར་མ་ཟད། ཡུལ་དངོས་ནས་བརྟག་དཔྱད་བྱས་རྗེས་རྒྱུན་ལྡན་ལྟར་འགྲོ་འོང་བྱ་ཆོག

6.འགྲིམ་འགྲུལ་འགྲོ་འོང་སླར་གསོ་བྱས་རྗེས། རླངས་འཁོར་བགྲོད་ལམ་སྟེང་བསྐྱོད་སྐབས་ངེས་པར་དུ་འགྲིམ་འགྲུལ་ལམ་རྟགས་དང་ལམ་ཐིག བརྡ་རྟགས་གློག་བཅས་ཀྱི་ཆ་འཕྲིན་ལྟར་བསྐྱོད་དགོས། འགྲོ་འོང་གི་བྱ་སྤྱོད་གཏན་འབེབས་དང་འགལ་ཚེ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ།

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག

2022ལོའི་ཟླ6པའི་ཚེས5ཉིན།

ལྷ་ཆེན་རྒྱལ་གྱིས་བསྒྱུར།