ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང122པ)

མིག་སྔར། ཟི་ལིང་གྲོང་ཁྱེར་གྱི་རིམས་འགོག་གནས་བབ་མུ་མཐུད་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་དང་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་བཞིན་ཡོད་པས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་བར་གཅིག་གྱུར་འཆར་འགོད་བཟང་པོ་བྱས་ཏེ། “ཕྱི་མཆེད་་ནང་འགོས་ལ་འགོག་ཟོན་དགོས་པའི”སྤྱིའི་ཐབས་ཇུས་དོན་འཁྱོལ་དང་། རྒྱུན་རྣམ་ཅན་གྱི་རིམས་འགོག་བྱེད་ཐབས་དམ་འཛིན་ནན་མོ་བྱས་ཏེ་རིམས་འགོག་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་ཆེད། འབྲེལ་ཡོད་རིམས་འགོག་བྱེད་ཐབས་ལེགས་སྒྲིག་བྱ་བའི་སྐོར་གྱི་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་བཀག་སྡོམ་གློད་རྒྱུ། 2022ལོའི་ཟླ6པའི་ཚེས6ཉིན་གྱི་ཆུ་ཚོད0ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་ས་ཚིགས་ཁག་གི་འགྲིམ་འགྲུལ་བཀག་སྡོམ་གློད་དེ་གྲོང་ཁྱེར་ནང་ཁུལ་དང་། ཟི་ལིང་གྲོང་ཁྱེར་དང་གྲོང་ཁྱེར་དང་ཁུལ་སོ་སོའི་བར་གྱི་མི་དང་རླངས་འཁོར་འགྲོ་འོང་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུ་མ་ཟད། གྲོང་ཁུལ་གཙོ་བོ་དང་རྟ་ཐང་རྫོང་། སྟོང་སྐོར་རྫོང་། སྐུ་འབུམ་ཆུས་བཅས་བར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་སླར་གསོ་བྱ་རྒྱུ།

གཉིས། ཉིང་སྐྱུར་བརྟག་དཔྱད་མུ་མཐུད་དུ་བཟང་པོར་བསྒྲུབ་དགོས། ཟླ6པའི་ཚེས6དང་ཚེས9ཉིན་ལ་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ། སྐུ་འབུམ་སྟོད་པ་ས་ཁུལ་གྱི་མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱ་རྒྱུ་ཡིན་པ་དང་། རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་དག་གཞིས་ཁུལ་དང་ལས་ཁུངས་ཀྱི་བརྡ་ཐོའི་བླང་བྱ་ལྟར་གོ་རིམ་ལྡན་པའི་ངང་ཉིང་སྐྱུར་བརྟག་དཔྱད་ཁྲོད་ཞུགས་དགོས། གཙོ་གནད་མི་ཚོགས་ལ་ཉིན2ཀྱི་རིང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་བྱེད་པའི་རེ་བ་ལྟར་མུ་མཐུད་དུ་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས།

གསུམ། རྒྱུན་རྣམ་ཅན་གྱི་ཕྱོགས་བསྡུས་ཞབས་ཞུ་ལག་བསྟར་བྱ་དགོས། ཟླ6པའི་ཚེས6ཉིན་གྱི་ཆུ་ཚོད0ནས་བཟུང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་བརྒལ་ཏེ་འགྲོ་འོང་བྱེད་པའི་རླངས་འཁོར་གྱིས“ཨང་རྟགས་གཉིས”བཤེར་བ་དང་ཆུ་ཚོད72རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་སྟོན་དགོས། ཞིང་ཆེན་ཕྱི་ནས་ཟི་ལིང་དུ་ཡོང་བའི་རླངས་འཁོར་གྱིས“ཨང་རྟགས་གཉིས”བཤེར་བ་དང་དུས་ཚོད48རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་སྟོན་དགོས་པར་མ་ཟད། “དམིགས་ཡུལ་ས་ཁུལ་དུ་འབྱོར་མ་ཐག་ཡང་བསྐྱར་ཉིང་སྐྱུར་བརྟག་དཔྱད”བྱེད་པའི་རེ་བ་ལག་བསྟར་ནན་མོ་བྱ་དགོས།

བཞི། ཟི་ལིང་དུ་ཡོང་མཁན་ཚོའི་ཐོ་འགོད་དོ་དམ་ལ་ཤུགས་སྣོན་དགོས། ཟི་ལིང་དུ་ཡོང་བའི་མི་དག་གིས་ངེས་པར་དུ་ཟི་ལིང་དུ་མ་ཡོང་སྔོན་གྱི་ཆུ་ཚོད24ཡི་ནང“ཟི་ལིང་གྲོང་ཁྱེར་རིམས་འགོག་ཐོ་འགོད་མ་ལག”བརྒྱུད་དེ་ཐོ་འགོད་བྱ་དགོས་པ་དང་། དམིགས་བསལ་རྒྱུ་རྐྱེན་དབང་གིས་སྔོན་ལ་ཐོ་འགོད་བྱེད་མ་ཐུབ་པའི་མིས་ཟི་ལིང་དུ་འབྱོར་རྗེས་ཀྱི་ཆུ་ཚོད2ཀྱི་ནང་ཐོ་འགོད་བྱ་དགོས་ལ། ཐོ་འགོད་མ་བྱས་པར་ཟི་ལིང་དུ་ཡོང་བའི་མི་ཚང་མ་གཏན་འཁེལ་ལྟར་གཅིག་བསྡུས་ལོགས་བཀར་བྱ་དགོས། ནད་ཡམས་ཛ་དྲག་ཆེ་འབྲིང་གི་ས་ནས་ཟི་ལིང་དུ་ཡོང་བའི་མིར་ཉིན་བདུན་ལ་གཅིག་བསྡུས་ལོགས་བཀར་བྱེད་པ་དང་ཉིན་བདུན་ལ་ཁྱིམ་སྡོད་ལོགས་བཀར་བྱེད་པའི་དོ་དམ་བྱེད་ཐབས་ལག་བསྟར་བྱ་དགོས། ཉེན་ཁ་ཆུང་བའི་ས་ཁུལ་ནས་ཟི་ལིང་དུ་ཡོང་བའི་མིར་ཉིན་གསུམ་ལ་ཁྱིམ་སྡོད་ལོགས་བཀར་བྱེད་པ་དང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱེད་པའི་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱ་དགོས།

ལྔ། སྤྱི་ཚོགས་ངོས་ཐད་ཀྱི་དོ་དམ་མུ་མཐུད་དུ་ལེགས་པོར་བསྒྲུབ་དགོས། ཟླ6པའི་ཚེས6ཉིན་གྱི་ཆུ་ཚོད0ནས་བཟུང་། ཏང་སྲིད་ལས་ཁུངས་དང་ཁེ་ལས་དོན་ལས་ལས་ཁུངས། ཞབས་ཞུ་ལས་རིགས་ཀྱི་ལས་བྱེད་པས་ཆུ་ཚོད72རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་ཁྱེར་ནས་ལས་ཞུགས་བྱ་དགོས། སྤྱི་གླིང་དང་ཚོང་ཁང་སོགས་སྤྱི་བའི་གནས་ཡུལ་དུ་ལུས་དྲོད་འཇལ་བ་དང་ཨང་གཉིས་བཤེར་བ། ཆུ་ཚོད72རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཀྱི་བདེན་དཔང་ལ་ཞིབ་བཤེར་བྱེད་པ། ཁ་ཐུམ་རྒྱག་པ་དང་རླུང་རྒྱུ་བ། དུག་སེལ་སོགས་ཀྱི་འགོག་ཟོན་བྱེད་ཐབས་ལག་བསྟར་བྱ་དགོས་པ་དང་། དུས་བསྣོལ་བ་དང་ཚད་བཀག་ཡོད་པའི་བྱེད་ཐབས་ལག་བསྟར་བྱས་ཏེ་གོ་རིམ་ལྡན་པའི་ངང་སྒོ་འབྱེད་དགོས། སློབ་གྲྭ་ཆེ་འབྲིང་དང་རྒན་གསོ་ཁང་། རྒན་བཀུར་ཁང་། ཕན་བདེ་གླིང་། སྨྱོ་ནད་སྨན་ཁང་སོགས་དམིགས་བསལ་གནས་ཡུལ་དུ་བཀག་སྡོམ་དོ་དམ་ལག་བསྟར་ནན་མོ་བྱེད་དགོས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་སྒོ་གནས་སྐབས་སུ་འབྱེད་མི་ཆོག གློག་བརྙན་ཁང་དང་ཆང་ཁང་། དྲ་ཁང་སོགས་སྤྲོ་གསེང་རོལ་རྩེད་བྱེད་སས་གནས་སྐབས་སུ་ལས་གཉེར་བྱ་མི་ཆོག

དྲུག བཟའ་བཏུང་ལས་རིགས་ཀྱིས་གོ་རིམ་ལྡན་པའི་ངང་སྒོ་འབྱེད་དགོས། ཟླ6པའི་ཚེས6ཉིན་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་བཟའ་བཏུང་ཞབས་ཞུའི་ལས་ཁུངས་ཀྱིས་དུག་སེལ་ཡོངས་སུ་བྱེད་པ་དང་མིའི་བདེ་ཐང་ལྟ་ཞིབ། བདེ་འཇགས་ཉེན་ཁ་གྲལ་བཤེར་སོགས་ཀྱི་སྔོན་འགྲོའི་བྱེད་ཐབས་ལག་བསྟར་བྱས་རྗེས། ཟ་ཁང་ནས་ཟ་མ་བཟའ་རུ་བཅུག་ཆོག་ལ། དུས་ཚོད་བསྣོལ་བ་དང་མི་གྲངས་ཚོད་འཛིན། ལུས་དྲོད་འཇལ་བ། “ཨང་རྟགས་གཉིས”བཤེར་བ། ཆུ་ཚོད72རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཀྱི་བདེན་དཔང་ལ་ཞིབ་བཤེར་དང་། བར་ཐག་འཛིན་པ། སྤྱིའི་ཐུར་མ་བཀོལ་བ་སོགས་ཀྱི་བླང་བྱ་དོན་འཁྱོལ་བྱེད་དགོས། གསོལ་སྟོན་དང་དགའ་སྟོན། གྲོས་ཚོགས་སོགས་འདུ་འཛོམས་རང་བཞིན་གྱི་བྱ་འགུལ་ད་དུང་སྤེལ་མི་ཆོག

བདུན། རིམ་པ་དང་རིགས་བགར་ནས་སློབ་ཁྲིད་སླར་གསོ་བྱ་དགོས། ཟླ6པའི་ཚེས10ཉིན་ནས་བཟུང་། སློབ་ཆུང་ལོ་རིམ་དྲུག་པ་དང་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་སློབ་གྲྭར་སོང་ནས་སློབ་ཁྲིད་ལ་ཉན་དགོས་པ་དང་། ལོ་རིམ་གཞན་དག་དང་བུ་བཅོལ་ཁང་གི་སློབ་མ་རྣམས་གནས་སྐབས་སུ་ད་དུང་སློབ་གྲྭར་འགྲོ་མི་དགོས།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ6པའི་ཚེས5ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།