༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་ཚན་རིག་དང་མཐུན་པར་སྔོ་ལྗང་དུ་སྒྱུར་བའི་སྐོར་གྱི་ལག་བསྟར་བསམ་འཆར།

མཚོ་སྲིད་གཞུང་ལས་ཐིན〔2022〕ཨང7པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང། གཞུང་ལས་ཁང། ཐིན། ཅུས་སོ་སོ་བཅས་ལ།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཚན་རིག་དང་མཐུན་པར་སྔོ་ལྗང་དུ་སྒྱུར་བའི་མཛུབ་སྟོན་བསམ་འཆར》(རྒྱལ་གཞུང་སྤེལ〔2021〕ཨང19བ)གཏིང་ཟབ་སྒོས་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་རེའི་ཞིང་ཆེན་གྱི་རྒྱལ་ཁོངས་སྔོ་ལྗང་དུ་སྒྱུར་བའི་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད། རང་རེའི་ཞིང་ཆེན་གྱི་དོན་དངོས་དང་སྦྲེལ་ནས་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད་དེ། ད་ལྟ་གཤམ་གྱི་ལག་བསྟར་བསམ་འཆར་བཏོན་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་ཏུ་ལག་ལེན་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་བཀའ་མཆན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དང། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་གནད་ལ་འཁེལ་བར་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར“ཆེ་ཤོས་གསུམ”ཞེས་པའི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་ལ་ངོས་ཟིན་ཚད་རྒྱུན་མི་ཆད་པར་ཇེ་ཟབ་ཏུ་གཏོང་བ་དང། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཞེས་པའི་འཐབ་ཇུས་གཏིང་ཟབ་ཏུ་སྐུལ་སྤེལ་བྱེད་པ། སྐྱེ་ཁམས་ཐོན་རྫས་སྤུས་ལེགས་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ་གཙོ་ཐིག་བྱས་ཤིང། རྒྱལ་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་བར་སྟོང་ཇེ་ལེགས་སུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ནུས་པ་ཇེ་ཆེར་གཏོང་བ། ལྗང་མདོག་དམངས་ཕྱུག་གི་ཐོན་ལས་ཕན་ནུས་མཐོར་འདེགས་གཏོང་བ། མཛེས་སྡུག་ལྡན་ཞིང་སྡོད་པར་འཚམ་པའི་སྐྱེ་ཁམས་ཁོར་ཡུག་སྐྲུན་པ་བཅས་གཙོ་རྒོལ་བྱེད་པའི་ཁ་ཕྱོགས་སུ་བརྩིས་ནས་འཆར་འགོད་ཀྱིས་སྣེ་ཁྲིད་པར་ཤུགས་སྣོན་པ་དང། ཐོན་ཁུངས་བཀོད་སྒྲིག་བྱེད་ཚུལ་ཇེ་ལེགས་སུ་གཏོང་བ། སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་དང། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཐོག ཚན་རིག་དང་སྐྱེ་ཁམས། གྲོན་ཆུང་བཅས་ཀྱི་ལྗང་སྒྱུར་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་མགྱོགས་པོར་སྐྲུན་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་སྐྲུན་པར་འགན་སྲུང་འདོན་སྤྲོད་བྱ་དགོས།

(གཉིས) བྱ་བའི་རྩ་དོན།

སྤྱི་ཡོངས་ནས་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་ཉམས་གསོ་བྱེད་པ་རྒྱུན་འཁྱོངས་བྱ་དགོས། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བཅངས་ནས་སྔོན་ལ་སྲུང་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཐོག བརྒྱུད་རིམ་ལྡན་པའི་ངང་ནགས་ཚལ་དང་རྩྭ་ཐང། རླན་ས་བཅས་ཀྱི་རྒྱ་ཁྱོན་ཆེ་རུ་གཏོང་བ་དང། ཉམས་ཞན་དུ་གྱུར་བའི་ནགས་ས་དང་རྩྭ་ཐང་ཉམས་གསོ་བྱེད་ཅིང། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་ཏེ་སྐྱེ་ཁམས་མ་ལག་གི་ཞབས་ཕྱིའི་རྩོལ་ནུས་ཆེ་རུ་གཏོང་བར་འབད་བརྩོན་བྱ་དགོས།

ཚན་རིག་དང་མཐུན་པར་འཆར་འགོད་དང་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ་རྒྱུན་འཁྱོངས་བྱ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་རང་འགུལ་གྱིས་སྦྲེལ་མཐུད་བྱས་ཐོག དེའི་ནང་དུ་ཧུར་ཐག་གིས་ཐེ་ཞུགས་བྱས་ནས། ཚན་རིག་དང་མཐུན་པར་འཆར་འགོད་ཇུས་འགོད་དང་ལྗང་སྒྱུར་བར་སྟོང་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ་དང། རང་ཤུགས་ཀྱིས་སླར་གསོ་གཙོ་བོར་འཛིན་པ་དང་མིའི་རྩོལ་བར་བརྟེན་ནས་ཉམས་གསོ་བྱེད་པ་གཞོགས་འདེགས་སུ་བརྩིས་ཏེ། རྒྱལ་ཁོངས་ལྗང་སྒྱུར་ལ་ཚན་རིག་དང་མཐུན་པར་སྐུལ་འདེད་གཏང་དགོས།

ས་ཁུལ་བཀར་ནས་འཐབ་ཇུས་ལག་བསྟར་དང་གཙོ་གནད་འབུར་དུ་དོད་པ་རྒྱུན་འཁྱོངས་བྱ་དགོས། སྐྱེ་ཁམས་བར་སྟོང་སྣ་ཚོགས་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་དང་ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་ལ་བསམ་གཞིགས་གང་ལེགས་བྱས་ནས། སྡོང་རིང་འཕྲོད་སར་སྡོང་རིང་འཛུགས་པ་དང། སྡོང་ཕྲན་འཕྲོད་སར་སྡོང་ཕྲན་འཛུགས་པ། རྩྭ་འཕྲོད་སར་རྩྭ་འདེབས་པ། རླན་ས་འཕྲོད་སར་རླན་ས་སོར་འཇོག་བྱེད་པ། ཐང་རྒོད་འཕྲོད་སར་ཐང་རྒོད་དུ་བསྐྱུར་བ་བཅས་བྱས་ཏེ། སྐྱོན་བྲལ་བརྟན་བརླིང་གི་སྐྱེ་ཁམས་མ་ལག་ཆགས་པར་བྱ་དགོས།

མི་དམངས་གཙིགས་སུ་འཛིན་པ་དང་ལྗང་མདོག་ལ་བརྟེན་ནས་དམངས་ལ་ཕན་ཁེ་སྐྲུན་པ་རྒྱུན་འཁྱོངས་བྱ་དགོས། སྐྱེ་ཁམས་སྲུང་སྐྱོང་ལ་བརྟེན་ནས་དམངས་ལ་ཕན་ཁེ་སྐྲུན་པ་དང། དམངས་ཀྱི་དོན་དུ་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱ་དགོས་ཤིང། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང། གངས་རི་འཁྱགས་ཀླུང་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་ཏེ། མཛེས་ཤིང་ཡིད་དུ་འོང་བའི་སྐྱེ་ཁམས་ཁོར་ཡུག་དང་སྐྱེ་ཁམས་ཐོན་རྫས་བཟང་པོ། སྐྱེ་ཁམས་ཞབས་ཕྱི་སྤུས་ལེགས་བཅས་ཀྱི་ཐད་ནས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་བསྐང་དགོས།

གཉིས། ལས་འགན་གཙོ་བོ།

(གཅིག) ལྗང་སྒྱུར་འཆར་འགོད་སྤུས་ཚད་མཐོན་པོའི་སྒོ་ནས་བཟོ་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ནང་གི་ལྗང་སྒྱུར་སྐོར་གྱི་འབྲེལ་ཡོད་འཆར་འགོད་བཟོ་བར་རྩ་འཛུགས་དང། རྒྱལ་ཁོངས་བར་སྟོང་འཆར་འགོད་དང་འབྲེལ་མཐུད་བྱས་ཏེ་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི“དཔེ་རིས་གཅིག”ནང་དུ་གཞག་དགོས། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི400མན་གྱི་ས་ཁུལ་གྱི་ལྗང་སྒྱུར་འཆར་འགོད་ལ་ཆུའི་ཐོན་ཁུངས་ཐད་ནས་རིགས་པས་ཁུངས་སྐྱེལ་བྱ་དགོས། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ནས་འཆར་འགོད་ཀྱི་ཁྱབ་ཁོངས་དང་ལྗང་སྒྱུར་གྱི་དམིགས་ཚད་ལས་འགན་ལུགས་མཐུན་གྱིས་གཏན་འཁེལ་བྱ་དགོས། གྲོང་ཁྱེར་གྱི་ལྗང་སྒྱུར་འཆར་འགོད་དེ་གྲོང་ཁྱེར་གྱི་སྐྱོན་བྲལ་དང་བདེ་འཇགས། སྡོད་པར་འཚམ་པ་བཅས་ཀྱི་བླང་བྱ་དང་མཐུན་དགོས་ཤིང། སྔར་ཡོད་ཀྱི་ས་བབ་དང་ས་དབྱིབས། ཆུ། སྔོ་ཁེབས། ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་སོགས་རང་བྱུང་མི་ཆོས་ཆ་རྐྱེན་བེད་སྤྱད་དེ་ལྗང་སྒྱུར་ཐད་སྤྱད་བྱའི་ཆུ་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ་དང། ཆུ་གྲོན་ཆུང་སྒོས་སྔོ་ལྗང་དུ་སྒྱུར་བའི་བྱ་བ་འོས་འཚམ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས་ལ། གྲོང་ཁྱེར་གྱི་སྔོ་ལྗང་གི་མུ་ཁྱུད་དང་ཁྱམས་ལམ་དང་བགྲོད་ལམ་བཅས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ཏེ། གྲོང་ཁྱེར་ནང་ཁུལ་དང་ཕྱི་སྐོར་གྱི་ལྗང་ས་དང་ཆུ་རྒྱུད། ནགས་ཚལ་སོགས་སྦྲེལ་མཐུད་དམ་པོ་ཡོང་བར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་ས་སྦྲེལ་མཐུད་ཐུབ་པར་བྱ་དགོས། རྫོང་རིམ་པ་ཡན་གྱི་སྲིད་གཞུང་གིས་འཆར་འགོད་ལག་བསྟར་ལ་ཞིབ་བཤེར་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་ཤུགས་བསྣན་དགོས་པ་ལས། འཆར་འགོད་གང་བྱུང་དུ་སྒྱུར་མི་ཆོག་ལ། ལྗང་སྒྱུར་ཐད་སྤྱད་བྱའི་ས་ཞིང་གི་ངོ་བོ་དང་སྤྱོད་སྒོའང་རང་དགར་གྱིས་སྒྱུར་མི་ཆོག (ཞིང་ཆེན་ནགས་རྩྭ་ཅུས་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དོན་འཁྱོལ་བྱེད་པར་འགན་འཁུར་དགོས། གཤམ་དུ་ཚང་མ་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དོན་འཁྱོལ་བྱ་དགོས་ལ། ཡང་བསྐྱར་མི་འགོད)

(གཉིས) བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ་ལ་ཚན་རིག་དང་མཐུན་པར་སྐུལ་འདེད་གཏང་དགོས། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཐོག སྐྱེ་ཁམས་མ་ལག་གི་ནང་གནས་ཀྱི་རྐྱེན་རྩ་ལ་བརྩི་སྲུང་དང་སྐྱེ་ཁམས་ཀྱི་རྩ་བ་དང་རང་བྱུང་གི་ལྷན་ནུས་རྨང་གཞིར་བཟུང་ནས། རང་ཤུགས་ཀྱིས་ཉམས་གསོ་གཙོ་བོར་བྱེད་པ་དང། རང་ཤུགས་ཀྱིས་ཉམས་གསོ་དང་མིའི་རྩོལ་བར་བརྟེན་ནས་ཉམས་གསོ་ཟུང་དུ་སྦྲེལ་བའི་བྱེད་ཐབས་སྤྱད་དེ། སྡོང་རིང་སྡོང་ཕྲན་དང་རྩྭ་ཟུང་དུ་སྦྲེལ་བའི་ལྗང་སྒྱུར་བྱེད་སྟངས་ཁྱབ་གདལ་དུ་གཏོང་བ་དང། རྒྱལ་ཁོངས་ལྗང་སྒྱུར་ཁྲོད་རྩྭ་འདེབས་པའི་བསྡུར་ཚད་ཇེ་ཆེར་གཏང་དགོས། ཆུ་ཁུངས་གསོ་འཁྱོངས་ཁུལ་དང་ས་ཆུ་ཤོར་བ་འགོག་བཅོས་ཁུལ། ཐང་རྒོད་ཅན་དུ་འགྱུར་བར་འགོག་བཅོས་ཁུལ། མཁར་གྲོང་གི་མཐའ་འཁོར་བཅས་ཀྱི་བཅོས་སྐྱོང་བྱ་བ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ་རྒྱལ་ཁོངས་ལྗང་སྒྱུར་ལ་ཚན་རིག་དང་མཐུན་པར་སྐུལ་འདེད་གཏང་དགོས། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ཁུལ་དུ་འོས་འཚམ་གྱིས་མིའི་རྩོལ་བར་བརྟེན་ནས་ནགས་སྐྲུན་པ་དང་རི་རྒྱ་བསྡམས་ནས་ནགས་གསོ་བ་དང། རླན་ས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། ཉམས་ཞན་དུ་གྱུར་བའི་ནགས་ས་རྩྭ་ས་ཉམས་གསོ་དང་བཅོས་སྐྱོང་བྱས་ཏེ། སྐྱེ་ཁམས་མ་ལག་འཁོར་རྒྱུག་བཟང་པོ་ཡོང་བར་བྱ་དགོས། རྨ་ཆུ་དང་ཙོང་ཆུའི་གཤོང་སའི་སྐྱེ་ཁམས་ཉམས་གསོ་རིམ་སྤར་ཁུལ་དུ་རྒྱལ་ཁོངས་ལྗང་སྒྱུར་གཙོ་གནད་དུ་བཟུང་ནས་རྨ་ཆུ་དང་ཙོང་ཆུའི་འགྲམ་རྒྱུད་ལྗང་སྒྱུར་ལས་གྲྭ་ལག་བསྟར་དང། ཁྱད་ལྡན་དཔལ་འབྱོར་ནགས་ཚལ་ཧུར་ཐག་གིས་འདེབས་འཛུགས་བྱས་ཏེ་སྡོད་གནས་དང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏང་དགོས། ཚྭ་འདམ་གཞོང་དང་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ཁུལ་དུ་ནགས་རྩྭ་སྔོ་ཁེབས་སྲུང་སྐྱོང་དང་ཉམས་གསོ་བྱེད་པ་དང་བྱེ་རླུང་གི་གནོད་འཚེ་ཇེ་ཆུང་དུ་གཏོང་བ་གཙོ་བོར་བཟུང་ནས། གཙོ་བོ་མཁར་གྲོང་གི་མཐའ་འཁོར་དང་སྤང་ལྗོངས། དག་གཙང་ནུས་ཁུངས་ཀྱི་རྟེན་གཞི་སོགས་ས་ཁོངས་བྱེ་མར་འགྱུར་བ་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ནགས་ཚལ་གཙོ་བོར་འཛིན་པ་དང་ནགས་རྩྭ་ཟུང་འབྲེལ་བྱེད་པའི་རླུང་འགོག་བྱེ་འཇགས་ནགས་ཚལ་མ་ལག་བསྐྲུན་དགོས། མིའི་རྩོལ་བར་བརྟེན་ནས་ཆར་ཆུ་མང་དུ་ཕབ་པའི་བྱ་བར་ཤུགས་བསྣན་ནས་ནགས་སྐྲུན་ལྗང་སྒྱུར་གྱི་ལས་ཕྱོད་ཇེ་ཆེར་གཏང་དགོས། (ཞིང་ཆེན་ནགས་རྩྭ་ཅུས་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(གསུམ) ལྗང་སྒྱུར་ཐད་སྤྱད་བྱའི་ས་ཞིང་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱ་དགོས། རྒྱལ་ཁོངས་ཀྱི“ལེགས་སྒྲིག་གསུམ”གྱི་གཞི་གྲངས་དང་རིམ་པ་སོ་སོའི་རྒྱལ་ཁོངས་བར་སྟོང་གི་འཆར་འགོད་གཞིར་བཟུང་ཞིང། ལྗང་སྒྱུར་གྱི་དམིགས་ཚད་ལས་འགན་ལ་དམིགས་ནས་ལྗང་སྒྱུར་ཐད་སྤྱད་བྱའི་ས་ཞིང་ལུགས་མཐུན་གྱིས་དབྱེ་འབྱེད་གཏན་འབེབས་བྱས་ནས། དཔེ་རིས་སུ་བཀོད་དེ་ཞིབ་ཚགས་ཀྱིས་དོ་དམ་བྱས་ཏེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལྗང་སྒྱུར་བྱ་དགོས། རྨ་ཆུ་དང་ཙོང་ཆུའི་གཤོང་སའི་སྐྱེ་ཁམས་ཉམས་གསོ་རིམ་སྤར་ཁུལ་གྱི་ནགས་འཕྲོད་པའི་རི་རྒོད་ཐང་རྒོད་དང་བྱེ་འགྱུར་ས་ཞིང། བེད་སྤྱོད་མ་བྱས་པའི་ས་ཞིང། ས་རྒོད་དུ་གྱུར་བ་དང་གནོད་སྐྱོན་ཕོག་པའི་རི་བོ། ཉམས་ཞན་དུ་གྱུར་བའི་ནགས་ས་རྩྭ་ས་བཅས་ཕྱིན་ཆད་ནགས་སྐྲུན་ལྗང་སྒྱུར་གྱི་གཡུལ་ས་གཙོ་བོར་བཟུང་ནས་ལྗང་སྒྱུར་གྱི་འགག་བསྒྲལ་དགོས། ས་ཁོངས་གཞན་དག་ཏུ་ཉམས་ཞན་དུ་གྱུར་བའི་ནགས་ས་རྩྭ་ས་དང་གནོད་སྐྱོན་ཕོག་པའི་རི་བོ་གཙོ་གནད་དུ་བཟུང་ནས་ཚན་རིག་དང་མཐུན་པར་ཉམས་གསོ་བྱ་དགོས་ཤིང། མཁར་གྲོང་དང་གྲོང་གསེབ་མཐའ་འཁོར་གྱི་བེད་མེད་དུ་བསྐྱུར་བའི་ས་ཆ་དང་མཐའ་ཟུར་ས་ཆ་སོགས་བེད་སྤྱོད་གང་ལེགས་བྱས་ནས་ལྗང་སྒྱུར་བྱེད་པ་དང། ཡུལ་བབ་དང་བསྟུན་ནས་འགྲམ་བཞིར་སྡོང་བོ་གཟུག་དགོས། གནོད་འཚེར་གཞིགས་ནས་འགོག་སྲུང་བྱས་ཐོག་ཞིང་ཁའི་འགོག་སྲུང་ནགས་ཚལ་ཚན་རིག་དང་མཐུན་པར་བསྐྲུན་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལྕགས་ལམ་དང་གཞུང་ལམ། ཆུ་ཡུར་བཅས་ཀྱི་གཞོགས་གཉིས་དང་མཚེའུ་དང་ཆུ་མཛོད་ཀྱི་མཐའ་འཁོར་ ལྗང་སྒྱུར་བྱ་དགོས། རྨོ་ཞིང་སྒྲིག་འགལ་གྱིས་བཟུང་སྤྱོད་བྱས་ནས་ལྗང་སྒྱུར་ནགས་སྐྲུན་བྱེད་པར་གཏན་འགོག་དང། རྨོ་ཞིང “ཞིང་མིན་ཅན”དུ་སྒྱུར་བར་བཀག་འགོག་དང“འབྲུ་མིན་ཅན”དུ་སྒྱུར་བར་སྔོན་འགོག་བྱ་དགོས། ཆུ་བོ་དང་མཚེའུ་དོ་དམ་བྱེད་ཁོངས་སུ་ཆུ་ལོག་བཤང་བར་འགོག་རྐྱེན་བཟོ་བའི་ནགས་ཚལ་འདེབས་འཛུགས་བྱེད་མི་ཆོག (ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་ཞིང་ཆེན་ནགས་རྩྭ་ཅུས། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཞི) སྡོང་མྱུག་དང་རྩྭ་སོན་ཚན་རིག་དང་མཐུན་པར་གདམ་དགོས། རང་བྱུང་གི་ཆ་རྐྱེན་དང་སྔོ་ཁེབས་སྐྱེ་འཚར་གྱི་ཆོས་ཉིད། སྐྱེ་ཁམས་ཀྱི་དགོས་མཁོ་བཅས་ལ་གཞིགས་ནས“ཡུལ་བབ་དང་མཐུན་ཞིང་སྡོང་བོ་འཕྲོད་པ་དང། ས་བོན་བཟང་ཞིང་མྱུ་གུར་སྐྱེ་སྟོབས་ལྡན་པ། ཐག་ཉེ་ས་ནས་འཐེན་སྤྱོད་བྱེད་པ”བཅས་ཀྱི་རྩ་དོན་ལྟར་གཙོ་བོ་རང་ཡུལ་གྱི་སྡོང་མྱུག་དང་རྩྭ་སོན་སྣ་མང་ཅན་བེད་སྤྱད་དེ་ལྗང་སྒྱུར་བྱ་དགོས། མཐོ་སྒང་རང་ཡུལ་གྱི་ནགས་རྩྭའི་སོན་རྒྱུའི་ཐོན་ཁུངས་སྔོག་འདོན་དང་གསར་སྤེལ། སོན་མྱུག་གསོ་སྤེལ་བཅས་ལ་ཤུགས་སྣོན་པ་དང། རང་ཡུལ་གྱི་སྡོང་མྱུག་དང་རྩྭ་སོན་གྱི་མིང་ཐོ་གཏན་ལ་འབེབས་པ། སོན་སྡུད་དང་སོན་མྱུག་གསོ་སྤེལ་རྟེན་གཞིའི་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པར་སྐུལ་འདེད་བཏང་ནས་ནགས་སྐྲུན་པའི་སྡོང་མྱུག་བཟང་ཚད་ཇེ་མཐོར་གཏང་དགོས། ནགས་ཤིང་གི་སོན་མྱུག་དེ་ངེས་པར་དུ་ཞིབ་བཤེར་དང་ནད་ཡམས་བརྟག་བཤེར་གྱི་བླང་བྱ་དང་མཐུན་དགོས་ཤིང། ཕྱི་ནས་ཡོང་བའི་དངོས་རིགས་ལ་འགོག་སྡོམ་བྱེད་ཤུགས་ཇེ་ཆེར་གཏང་དགོས། ས་ཆུའི་ཆ་རྐྱེན་ལེགས་པའི་ཁོངས་སུ་རྩོལ་ནུས་གཙོ་བོའི་དགོས་མཁོ་གཞིར་བཟུང་སྟེ། ལྗང་སྒྱུར་དང་མཛེས་སྒྱུར་ཟུང་དུ་སྦྲེལ་ཞིང་སྐྱེ་ཁམས་ནགས་ཚལ་དང་དཔལ་འབྱོར་ནགས་ཚལ་གལ་ཆེ་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག ཡུལ་བབ་དང་བསྟུན་ནས་རྟག་ཏུ་སྔོ་བ་དང་ཚོན་ལྡན་ལོ་མ། དཔལ་འབྱོར། ཐཱན་སྡུད་སོགས་ཅན་གྱི་སྡོང་བོའི་རིགས་འདེབས་འཛུགས་བྱ་དགོས། ཐན་པ་ཆེ་ཞིང་ཆུ་དཀོན་པ་དང་བྱེ་རླུང་ཚབས་ཆེ་བའི་ས་ཁོངས་སུ་སྔོན་ལ་ཐན་པ་ཐེག་ཐུབ་པ་དང་ས་རྒྱུ་ཞན་ཐུབ་པ། བྱེ་རླུང་འགོག་ཐུབ་པ་བཅས་ཀྱི་སྡོང་ཕྲན་གྱི་མྱུ་གུ་དང་རྩྭ་སོན་འདེམ་སྤྱོད་བྱ་དགོས། ས་ཆུ་ཤོར་བ་ཚབས་ཆེ་བ་དང། ཆུ་བོ་དང་མཚེའུ། ཆུ་མཛོད་ཀྱི་མཐའ་འཁོར་སོགས་ས་ཁོངས་སུ་རྐྱེན་ངན་ཟློག་གཤིས་དྲག་པོ་ལྡན་པ་དང་རྩ་ལག་དར་རྒྱས་ཆེ་བ་སོགས་འགོག་སྲུང་ནུས་པ་ཆེ་བའི་སྡོང་མྱུག་རྩྭ་སོན་འདེབས་འཛུགས་བྱ་དགོས། སྡོད་དམངས་ཁུལ་གྱི་མཐའ་འཁོར་དུ་བདག་སྐྱོང་མ་གནས་དམའ་བའི་མཛེས་ལྗོངས་སྡོང་མྱུག་དང་སྔོ་ཁེབས་རྩི་ཤིང་ཁྱབ་གདལ་དུ་གཏོང་བ་ལས། མིའི་ལུས་པོར་མི་འཕྲོད་པའི་སྡོང་མྱུག་དང་རྩྭ་སོན་འདེམ་སྤྱོད་བྱེད་མི་རུང། (ཞིང་ཆེན་ནགས་རྩྭ་ཅུས་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(ལྔ) ཚད་གཞི་མཐོན་པོའི་སྒོ་ནས་ལྗང་སྒྱུར་ཇུས་འགོད་བྱས་ཏེ་ཨར་ལས་བསྐྲུན་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པས་མ་དངུལ་གཏོང་བ་གཙོ་བོར་བྱེད་པའི་ལྗང་སྒྱུར་ལས་གཞིར་ཚན་རིག་དང་མཐུན་པར་ལས་སྒྲུབ་ཇུས་འགོད་བྱ་དགོས་ཤིང། གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྤྱད་བྱའི་ས་ཞིང་དང་སྤྱད་བྱའི་ཆུ། སྡོང་མྱུག་དང་རྩྭ་སོན་འདེམ་པ། ལག་རྩལ་ལམ་ཐིག་སོགས་ལ་ལུགས་མཐུན་རང་བཞིན་གྱིས་གདེང་འཇོག་བྱས་ནས་ལག་བསྟར་ལ་ལྟ་སྐུལ་ནན་མོ་བྱ་དགོས། ས་གནས་སོ་སོས་ལས་གྲྭའི་ལས་གཞི་དང་མ་དངུལ་ལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ཐོག མཆན་འགོད་བཀའ་ལན་གྱི་ལས་སྒྲུབ་ཇུས་འགོད་ལྟར་ནན་ཏན་གྱིས་ཨར་ལས་སྐྲུན་ཞིང། ས་ཁོད་སྙོམས་པ་དང་སོན་མྱུག འདེབས་འཛུགས། བདག་སྐྱོང། གསོ་སྐྱོང་སོགས་ལྗང་སྒྱུར་བརྒྱུད་རིམ་གྱི་ལག་རྩལ་བླང་བྱ་ཚད་ལྡན་དུ་གཏང་དགོས། ལས་གཞིའི་འོས་སྐུལ་འོས་འགུག་དང་ཨར་ལས་སྐྲུན་པའི་འོས་ཐོབ་ལ་ཞིབ་བཤེར། མ་དངུལ་བེད་སྤྱོད་དོ་དམ། ལས་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན། གྲུབ་འབྲས་དང་ལས་ཕྱོད་ལ་གདེང་འཇོག་སོགས་ལྷུ་ཚིགས་ལ་དོ་དམ་བྱེད་པར་ཕྱོགས་ཡོངས་ནས་ཤུགས་བསྣན་དགོས། གཟབ་ནན་སྒོས་གཏན་འབེབས་དང་གོ་རིམ་ལྟར“སྔོན་ལ་འཛུགས་སྐྲུན་དང་རྗེས་སུ་ཁ་གསབ”བྱེད་པ་སོགས་ནགས་ཚལ་སྐྲུན་པར་ཡར་སྐུལ་གྱི་རྐྱེན་སྲོལ་ལ་བརྟན་པོའི་ངང་སྐུལ་འདེད་གཏང་དགོས། ལྗང་སྒྱུར་ཨར་ལས་སྐྲུན་དུས་གདོད་མའི་སྔོ་ཁེབས་དང་རི་སྐྱེས་སྲོག་ཆགས་འཚོ་གནས་བྱེད་ས་དང་རྩ་ཆེའི་རྩི་ཤིང་སོགས་ལ་སྲུང་སྐྱོང་གང་ལེགས་བྱེད་པ་ལས། ས་ངོས་གཏོར་བརླག་དང་ས་ཆ་ཡོངས་རྫོགས་གསར་སྦོལ་སོགས་བྱེད་མི་ཆོག (ཞིང་ཆེན་ནགས་རྩྭ་ཅུས་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(དྲུག) གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་སྒྱུར་ལ་གྲོན་ཆུང་དངོས་གཉེར་གྱིས་སྐུལ་འདེད་གཏང་དགོས། ཡུལ་བབ་དང་བསྟུན་ནསམཁར་གྲོང་དང་གྲོང་གསེབ་ལྗང་སྒྱུར་མཛེས་བཟོ་བྱེད་པ་དང། གྲོང་ཁྱེར་གྱི་སྤྲོ་གསེང་སྤྱི་གླིང་དང་ཉེ་འདབས་ཀྱི་སྤྱི་གླིང། མཛེས་ལྗོངས་ཀྱི་བགྲོད་ལམ། སྒོ་ར་ལྗང་སྒྱུར། འགྲམ་བཞི་ལྗང་སྒྱུར། གྲོང་གསེབ་ཀྱི་སྔོ་ལྗང་བགྲོད་ལམ་འཛུགས་སྐྲུན་བཅས་བྱས་ཏེ། སྡོད་དམངས་ཀྱི་སྤྲོ་གསེང་ངལ་གསོ་དང་ལུས་རྩལ་སྦྱོང་བརྡར། གནོད་འགོག་ཉེན་གཡོལ་སོགས་ལ་སྤང་ལྗོངས་ཀྱིས་ཞབས་ཕྱི་སྒྲུབ་པའི་ཕྱོགས་བསྡུས་ནུས་པ་ཕན་ཡོན་གྱིས་འདོན་སྤེལ་བྱ་དགོས། ནགས་ཚལ་ཅན་གྱི་མཁར་གྲོངསྐྲུན་པ་ཐེག་བྱེད་དུ་བརྩིས་ནས་སྡོང་འཛུགས་རྩྭ་འདེབས་དང་ལྗང་སྒྱུར་མཛེས་བཟོ་བྱེད་པ་དེ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་གྱི་སྤྱིའི་འཆར་འགོད་ནང་གཞག་དགོས། “སྦྲེལ་དྲ+དམངས་ཡོངས་ཀྱིས་འོས་འགན་ཁུར་ནས་སྡོང་བོ་འཛུགས་པའི”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་དགོས། སྡོང་རིང་སྡོང་ཕྲན་དང་མེ་ཏོག རྩྭ་བཅས་མཐུན་སྦྱོར་ངང་སྡེབ་སྒྲིག་བྱས་ཐོག ངོས་སྙོམ་ལྗང་སྒྱུར་དང་ལངས་གཟུགས་ལྗང་སྒྱུར་ཟུང་དུ་སྦྲེལ་བར་སྐུལ་འདེད་བཏང་ནས་ས་ཁུལ་གྱི་དོན་དངོས་དང་མཐུན་པའི་སྤང་ལྗོངས་མཛེས་ལྗོངས་རིམ་བཞིན་ཆགས་པར་བྱ་དགོས། སྦྱར་ལྕང་གི་བལ་དང་ཚོར་ལོག་ཐེབས་སུ་འཇུག་པའི་མེ་ཏོག་གི་རྡུལ་སོགས་འགོག་བཅོས་བྱེད་ཤུགས་ཇེ་ཆེར་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ལ་ལྗང་མདོག་ལྡན་ཞིང་སྡོད་པར་འཚམ་པའི་ཚོར་སྣང་སྐྱེས་ཚད་ཇེ་ཆེར་གཏང་དགོས། དོན་དངོས་དང་ཁ་བྲལ་ནས་སྔོ་ལྗང་ཅན་དུ་སྒྱུར་བར་གཏན་འགོག་བྱེད་པ་དང“ལྗོན་ཤིང་ཆེན་པོ་གྲོང་ཁྱེར་དུ་སྐྱེལ་བ”དང་ཕྱོགས་རེས་པའི་སྒོ་ནས་མཛེས་ལྗོངས་ཅན་དོན་གཉེར་བྱེད་པའི་བྱ་སྤྱོད་མི་འབྱུང་བར་བྱ་དགོས། (ཞིང་ཆེན་ནགས་རྩྭ་ཅུས་དང་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བདུན) ལྗང་སྒྱུར་གྱི་ཕན་འབྲས་གནད་ལ་འཁེལ་བར་ཇེ་མཐོར་གཏང་དགོས། གསར་དུ་བསྐྲུན་པའི་ནགས་ས་སོགས་ལ་ཕྱུགས་འཚོ་བར་གཏན་འགོག་བྱེད་པ་དང། ཚན་རིག་དང་མཐུན་པར་རི་རྒྱ་བསྡམས་ནས་ནགས་གསོ་བ། གསོ་སྐྱོང་བདག་སྐྱོང་དང་གསབ་འདེབས་གསར་འཛུགས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། ལྗང་སྒྱུར་དུས་མཇུག་གི་གསོ་སྐྱོང་བདག་སྐྱོང་ལམ་ལུགས་དང་དངུལ་གཏོང་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཏེ་ནགས་ཚལ་དུ་གྱུར་ཚད་ཇེ་མཐོར་གཏང་དགོས། རིམ་པ་སོ་སོའི་ནགས་ལས་དང་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་ནགས་ཚལ་གཉེར་སྐྱོང་གི་ཇུས་གཞི་བཟོ་བར་སྒྲིག་འཛུགས་བྱས་ཏེ་ནགས་ཚལ་གཉེར་སྐྱོང་གི་བྱེད་སྒོ་ཚན་རིག་དང་མཐུན་ཞིང་ཚད་ལྡན་གྱིས་སྤེལ་དགོས། ནགས་ཚལ་གྱི་སྟུག་དྲགས་པ་དང་ནགས་ཚལ་རྐྱང་པས་བཟུང་བའི་བསྡུར་ཚད་མཐོ་བ། ནགས་ཤིང་སྐྱེ་སྟོབས་ཞན་པ་བཅས་ཀྱི་མིས་བཟོས་ནགས་ཚལ་ལ་ནགས་ཚལ་གསོ་སྐྱོང་བྱེད་སྟངས་ལག་བསྟར་བྱ་དགོས། ཉམས་ཞན་དུ་གྱུར་བའི་ནགས་ཚལ་ཉམས་གསོ་བྱེད་ཤུགས་ཇེ་ཆེར་བཏང་ནས་མདོ་ལ་རིང་མོའི་ས་ཁོངས་དང་ཙོང་ཆུ་འབབ་རྒྱུད་ཀྱི་ཕན་འབྲས་ཆུང་བའི་ནགས་ཚལ། ཚྭ་འདམ་གཞོང་ས་ཁོངས་ཀྱི་ཉམས་ཞན་དུ་གྱུར་བའི་ཞིང་ཁ་འགོག་སྲུང་ནགས་ཚལ་བཅས་གཙོ་གནད་དུ་བཟུང་ནས་རིམ་སྤོར་སྒྱུར་བཀོད་བྱ་དགོས། རྨོ་བསྐྱུར་ནགས་འཛུགས་རྩྭ་འདེབས་ཀྱི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང། རྨོ་བསྐྱུར་ནགས་འཛུགས་རྩྭ་འདེབས་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བཏང་ཐོག བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྨོ་བསྐྱུར་ནགས་འཛུགས་རྩྭ་འདེབས་ཀྱི་ལས་འགན་དོན་འཁྱོལ་བྱ་དགོས། རྩྭ་ཁ་འགོག་པ་དང་རྩྭ་ཁ་རེས་སྐོར་བ་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཉམས་ཞན་དུ་གྱུར་བའི་རྩྭ་ཐང་བཅོས་སྐྱོང་དང་ཉམས་གསོ་ལ་ཚན་རིག་དང་མཐུན་པར་སྐུལ་འདེད་གཏོང་བ་དང། རྩྭ་བཀག་རྩྭ་གསོ་སོགས་ཀྱི་ལས་གྲྭ་གལ་ཆེན་མུ་མཐུད་དུ་ལག་བསྟར་བྱས་ནས། རྩྭ་ཐང་གི་སྐྱེ་ཁམས་རྩོལ་ནུས་ཉམས་གསོ་བྱེད་པ་དང། རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཇགས་རང་བཞིན་ཇེ་ཆེར་གཏང་དགོས། རིན་དོད་ཡོད་པའི་བྱེད་ཐབས་སྤྱད་དེ་ནགས་ཚལ་དང་རྩྭ་ཐང། རླན་ས་བཅས་ཀྱི་སྐྱེ་ཁམས་མཛེས་ལྗོངས་ཐོན་ཁུངས་ལུགས་མཐུན་གྱིས་བེད་སྤྱོད་བྱས་ནས་སྐྱེ་ཁམས་ཡུལ་སྐོར་དང་ནགས་ཚལ་ལ་བརྟེན་ནས་ཁམས་གསོ་བ་སོགས་སྤེལ་ཏེ་ནགས་རྩྭ་ཐོན་ཁུངས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཇེ་ཆེར་གཏང་དགོས། (ཞིང་ཆེན་ནགས་ རྩྭ་ཅུས་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་བཅས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བརྒྱད) ནགས་ལས་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་ལེགས་པོ་བྱ་དགོས། སྤྱི་ཕན་ནགས་ཚལ་ལ་སྲུང་སྐྱོང་བྱེད་པ་རྨང་གཞི་དང་རང་བྱུང་ནགས་ཚལ་ལ་སྲུང་སྐྱོང་བྱེད་པ་གཙོ་གནད་དུ་བཟུང་ནས། ནགས་སྐྲུན་ལྗང་སྒྱུར་གྱི་དུས་མཇུག་གི་བདག་སྐྱོང་དེ་སྐྱེ་ཁམས་བདག་སྐྱོང་པའི་འགན་འཁྲིའི་ཁྱབ་ཁོངས་སུ་བཅུག་སྟེ། ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དོ་དམ་བྱ་བར་ཤུགས་བསྣན་དགོས། རང་བྱུང་རྩྭ་ཐང་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང། རྩྭ་ཁ་བཀག་ཁུལ་དང་རྩྭ་ཕྱུགས་དོ་སྙོམས་ཁུལ་ལུགས་མཐུན་གྱིས་དབྱེ་འབྱེད་གཏན་འབེབས་བྱས་ཏེ། རྩྭ་ཐང་དུ་ཕྱུགས་ཟོག་ཤོང་ཚད་ཚན་རིག་དང་མཐུན་པར་ཞིབ་བཤེར་གཏན་འབེབས་བྱེད་པ་དང། རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་དང་བྱ་དགའ་སྟེར་བ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ལ་བརྟེན་ནས་རྩྭ་ཁ་བཀག་ནས་ཕྱུགས་ཉུང་འཕྲི་དང་རྩྭ་ཕྱུགས་དོ་སྙོམས་སྒོས་དོ་དམ་བྱེད་ཤུགས་སྔར་བས་ཇེ་ཆེར་གཏང་དགོས། ས་གནས་རིམ་པ་སོ་སོའི་སྲིད་གཞུང་གི་སྲུང་སྐྱོང་འགན་འཁྲི་དོན་འཁྱོལ་བྱས་ནས་རླན་སའི་ཐོན་ཁུངས་དངོས་གནས་སྲུང་སྐྱོང་ལེགས་པོ་བྱ་དགོས། བྱེ་ཁུལ་གྱི་ནགས་རྩྭ་སྔོ་ཁེབས་སྲུང་སྐྱོང་བྱས་ནས་བྱེ་ཐང་གི་སྐྱེ་ཁམས་མ་ལག་གི་བརྟན་འཇགས་རང་བཞིན་ཇེ་ཆེར་གཏང་དགོས། རྩ་ཆེ་ཞིང་ཉེན་ཁར་བཅར་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་འཚོ་གནས་བྱེད་ས་སྲུང་སྐྱོང་དང་ཉམས་གསོ། རྒྱ་སྐྱེད་བཅས་བྱས་ཏེ་ཉེན་ཁར་བཅར་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་མྱུར་སྐྱོབ་རང་བཞིན་ལྡན་པའི་སྒོ་ནས་སྲུང་སྐྱོང་བྱེད་པ་དང། སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་བྱེད་པའི་ལས་གྲྭ་ཆེན་པོ་ལག་བསྟར་བྱ་དགོས། རང་བྱུང་སྤྱི་གླིང་སྣ་ཚོགས་འཛུགས་སྐྲུན་དང་སྲུང་སྐྱོང་གི་བྱ་བ་ལ་ཚན་རིག་དང་མཐུན་པར་སྐུལ་འདེད་གཏང་དགོས། ནགས་ས་དང་རྩྭ་སའི་སྤྱོད་སྒོ་བཙན་སྡོམ་བྱེད་ཤུགས་ཇེ་ཆེར་བཏང་ཐོག ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཟད་གྲོན་ཚོད་འཛིན་ནན་མོ་བྱེད་ཅིང། ཤིང་ནགས་གང་བྱུང་དུ་གཅོད་པ་དང་རྩྭ་ས་དང་སྤྱི་གླིང་གི་སྤང་ལྗོངས་ཁྲིམས་འགལ་གྱིས་བཙན་བཟུང་བྱེད་པ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་གྱིས་ཉོ་ཚོང་བྱེད་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་གཅོད་བྱ་དགོས། གནའ་སྡོང་དང་ཤིང་གྲགས་ཅན་དང་དེ་དག་གི་རང་བྱུང་སྐྱེས་ཡུལ་སྲུང་སྐྱོང་དང་ཉམས་གསོ་ནན་མོ་བྱས་ཐོག གནའ་སྡོང་དང་ཤིང་གྲགས་ཅན་ལ་མིང་བྱང་བཀལ་ནས་སྲུང་སྐྱོང་བྱེད་ཅིང། དུས་ཐོག་ཏུ་མྱུར་སྐྱོབ་བྱས་ནས་སྐྱེ་སྟོབས་སླར་གསོ་བྱ་དགོས། ནགས་རྩྭའི་གནོད་ཡོད་སྐྱེ་དངོས་འགོག་སྡོམ་དང། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བྱ་བར་ཤུགས་བསྣན་ནས་ནགས་རྩྭའི་ཐོན་ཁུངས་བདེ་འཇགས་ཡོང་བར་འགན་ལེན་བྱ་དགོས། (ཞིང་ཆེན་ནགས་རྩྭ་ཅུས་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(དགུ) ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱེད་ཚུལ་འཐུས་ཚང་དུ་གཏང་དགོས། ཞིབ་ཚགས་ཀྱིས་དོ་དམ་བྱས་ཏེ་ལྗང་སྒྱུར་གྱི་གྲུབ་འབྲས་ས་ཐོག་དང་དཔེ་རིས་སྟེང། གཞི་གྲངས་མཛོད་བཅས་སུ་དོན་འཁྱོལ་བྱས་ནས། གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་སྒྲིག་བཟོ་དང་ཨར་ལས་སྐྲུན་པ། ཞིབ་བཤེར་རྩིས་ལེན་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་ཐུབ་པར་བྱས་ཏེ་རྒྱལ་ཁོངས་ལྗང་སྒྱུར་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དེ་ཆ་འཕྲིན་ཅན་དང་གནད་འཁེལ་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏང་དགོས། རང་བྱུང་ཐོན་ཁུངས་ལ་བརྟག་དཔྱད་དང། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན། ལོ་འཁོར་གྱི་གསར་སྒྱུར་གྲུབ་འབྲས་བཅས་བེད་སྤྱད་ནས་ནགས་རྩྭའི་ཐོན་ཁུངས་ཀྱི་གནས་ཚུལ་འགྱུར་ལྡོག་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་བྱས་ཏེ། མཁའ་དབྱིངས་དང་ས་ངོས་གཞི་གཅིག་ཅན་གྱི་ནགས་ཚལ་དང་རྩྭ་ཐང། རླན་ས། ཐང་རྒོད་སོགས་སྐྱེ་ཁམས་མ་ལག་གལ་ཆེན་གྱི་ལྟ་ཞིབ་ཚད་ལེན་ཆ་འཕྲིན་ལས་སྟེགས་དང་ནགས་ལས་རྩྭ་ཐང་བེད་སྤྱོད་ཚུལ་ལྟ་སྐུལ་དོ་དམ་ལས་སྟེགས་བསྐྲུན་དགོས། ནགས་རྩྭ་ལ་ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱེད་པ་དང། ཡུལ་བབ་དང་བསྟུན་ནས་གདེང་འཇོག་དམིགས་ཚད་གཏན་འབེབས་དང། རྒྱལ་ཁོངས་ལྗང་སྒྱུར་གྱི་ཕན་འབྲས་གདེང་འཇོག་བྱེད་ཐབས་གཏན་འབེབས་བྱས་ནས་རྒྱལ་ཁོངས་ལྗང་སྒྱུར་གྱི་ཕན་འབྲས་ལ་ཚན་རིག་དང་མཐུན་པར་གདེང་འཇོག་བྱ་དགོས། (ཞིང་ཆེན་ནགས་རྩྭ་ཅུས་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

གསུམ། འགན་སྲུང་བྱེད་ཐབས།

(གཅིག) རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་དགོས། ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ། ཞིང་ཆེན་དང་གྲོང་ཁྱེར། རྫོང། ཤང། སྡེ་བ་བཅས་རིམ་པ་ལྔའི་ནགས་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ་དང། ས་གནས་ཀྱི་བྱེད་པོའི་འགན་འཁྲི་ནན་དཀྲི་བྱ་དགོས། རིམ་པ་སོ་སོའི་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་མགོ་ཁྲིད་དང་དྲིལ་བསྒྲགས་སྐུལ་སློང། མཐུན་སྦྱོར་མཛུབ་སྟོན་སོགས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཚན་རིག་དང་མཐུན་པར་སྔོ་ལྗང་དུ་སྒྱུར་བའི་ཕན་འབྲས་མངོན་གསལ་དོད་པོའི་སྡེ་ཚན་དང་མི་སྒེར་ལ། རྒྱལ་ཁབ་དང་ཞིང་ཆེན་གྱི་སྔོ་ལྗང་དུ་བསྒྱུརབར་གཟེངས་བསྟོད་བྱེད་པའི་སྐོར་གྱི་འབྲེལ་ཡོད་གཏན་ཕབ་ལྟར་གཟེངས་བསྟོད་བྱེད་པ་དང་བྱ་དགའ་སྟེར་དགོས། ཚན་རིག་གི་ཆོད་ཉིད་དང་མང་ཚོགས་ཀྱི་འདོད་བློ་དང་འགལ་ནས་ལྗང་སྒྱུར་བྱེད་པའི་བྱ་སྤྱོད་ནོར་འཁྲུལ་ཅན་དུས་ཐོག་ཏུ་བཀག་འགོག་དང་ཡོ་བསྲང་བྱ་དགོས་ཤིང། ཤུགས་རྐྱེན་ངན་པ་དང་མཇུག་འབྲས་ཚབས་ཆེན་བཟོས་པར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་རྩད་གཅོད་བྱ་དགོས། དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཇེ་ཆེར་བཏང་ནས་ཚན་རིག་དང་མཐུན་པར་སྔོ་ལྗང་དུ་སྒྱུར་བའི་འདུ་ཤེས་དར་སྤེལ་བྱེད་པ་དང། ཚན་རིག་དང་མཐུན་པར་སྔོ་ལྗང་དུ་སྒྱུར་བའི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། གྲོན་ཆུང་དངོས་གཉེར་གྱིས་སྔོ་ལྗང་དུ་སྒྱུར་བའི་དར་སྲོལ་དར་སྤེལ་བྱས་ཏེ་ཚན་རིག་དང་མཐུན་པར་སྔོ་ལྗང་དུ་སྒྱུར་བའི་སྣང་ཚུལ་བཟང་པོ་ཆགས་པར་བྱ་དགོས། (འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(གཉིས) སྲིད་ཇུས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ལྗང་སྒྱུར་ལས་འགན་གྱི་དགོས་མཁོ་ལ་གཞིགས་ཤིང་ནོར་ཤུགས་ཀྱི་གནས་ཚུལ་དང་ཟུང་དུ་སྦྲེལ་ཏེ་ནོར་སྲིད་མ་དངུལ་སྔོན་རྩིས་བརྒྱབ་ཏེ་བཀོད་སྒྲིག་ལེགས་པོ་བྱས་ནས་མ་དངུལ་འཇོག་པའི་གྲུབ་ཚུལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏང་དགོས། ཁྲལ་སྡུད་དང་སྤྱད་བྱའི་གློག་ཆུ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནགས་སྐྲུན་ལྗང་སྒྱུར་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ཏན་ཏིག་གིས་འགན་སྲུང་བྱ་དགོས། ནགས་སྐྲུན་དུད་ཆེན་དང་ཁྱིམ་ཚང་གི་ནགས་ར། ཞིང་པའི་མཉམ་ལས་ཁང། སྣེ་འཁྲིད་ཁེ་ལས། ནགས་རྩྭ་ལས་རིགས་ཀྱི་སྤྱི་གཉེར་བ་སོགས་ནགས་རྩྭ་གཉེར་སྐྱོང་བྱེད་པོ་གསར་བ་ཧུར་ཐག་གིས་གསོ་སྐྱོང་བྱ་དགོས། “སྔོན་ལ་འཛུགས་སྐྲུན་དང་རྗེས་སུ་ཁ་གསབ་བྱེད་པའི”ནགས་སྐྲུན་རྐྱེན་སྲོལ་ཁྱབ་སྤེལ་གཏང་དགོས། ཞིང་ཆེན་གྱི་གནས་ཚུལ་དང་འཚམ་པའི་ནགས་རྩྭའི་ཐཱན་སྡུད་བྱེད་ཐབས་གསར་སྤེལ་དང་ཉོ་ཚོང་བྱེད་སྟངས་འཚོལ་ཞིབ་བྱས་ནས། ཁེ་ལས་ཀྱིས་ཐཱན་སྡུད་་ཉོ་ཚོང་བརྒྱུད་དེ་ནགས་སྐྲུན་ལྗང་སྒྱུར་བྱེད་པར་སྐུལ་སློང་བྱ་དགོས། (ཞིང་ཆེན་ནགས་རྩྭ་ཅུས་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(གསུམ) དོ་དམ་ལམ་ལུགས་འཐུས་ཚང་དུ་གཏང་དགོས། ས་ཞིང་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས་རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་ཉམས་གསོ་ གཅིག་སྡུད་ཡུག་འབྲེལ་གྱིས་སྤེལ་ཏེ། གཞི་ཁྱོན་ངེས་ཅན་དང་སྔོན་དཔག་གི་དམིགས་ཚད་དུ་སླེབས་པའི་གཉེར་སྐྱོང་བྱེད་པོ་དེས་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་མཐུན་པའི་སྔོན་འགྲོའི་འོག་ཏུ་སྤྱད་བྱའི་ས་ཞིང་ལ་ཞིབ་མཆན་འགོད་པ་དང་ས་ཞིང་མཁོ་སྤྲོད་བྱེད་པའི་འགྲོ་ལུགས་ཁྲིམས་ལྟར་བསྒྲུབས་རྗེས། བཅོས་སྐྱོང་རྒྱ་ཁྱོན་ངེས་ཅན་ཞིག་སྐྱེ་ཁམས་ཡུལ་སྐོར་དང་ནགས་ཚལ་ལ་བརྟེན་ནས་ཁམས་གསོ་བ་བདེ་གསོ་སོགས་འབྲེལ་ཡོད་ཐོན་ལས་སྤེལ་བའི་ཐད་ལ་སྤྱོད་ཆོག ཤིང་ནགས་གཅོད་པའི་དོ་དམ་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་ནས་ནགས་ཚལ་གསོ་སྐྱོང་དང་ཉམས་ཞན་དུ་གྱུར་བའི་ནགས་ཚལ་ཉམས་གསོ། ནགས་ཚལ་དབྱེ་འབྱེད་གསར་བརྗེ་དང་སྒྱུར་བཀོད་སོགས་ཀྱི་གཅོད་འབྲེག་ དགོས་མཁོ་སྔོན་ལ་འགན་སྲུང་བྱས་ཏེ་ནགས་ཚལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་གནོད་འཚེ་འགོག་སྡོམ་བྱེད་པར་སྐུལ་འདེད་གཏང་དགོས། ནགས་ས་དང་རྩྭ་ཐང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་བྱེད་སྟངས་ཚད་ལྡན་དུ་བཏང་ནས་བདག་དབང་བརྗེ་སྒྱུར་དང་གཉེར་སྐྱོང་དབང་ཆ་བརྗེ་ལེན། མ་རྐང་མཉམ་ལས་བྱེད་སྟངས་བཅས་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་བེད་སྤྱོད་བྱས་ཏེ། ཁྲིམས་ལྟར་བརྒྱུད་བཤུག་བྱས་པ་བརྒྱུད་དེ་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་བར་སྐུལ་ལྕག་བྱ་དགོས། རྩྭ་ཐང་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་ཆེན་པོ་ལག་བསྟར་བྱས་ནས་ཉམས་ཞན་དུ་གྱུར་བའི་རྩྭ་ཐང་སླར་གསོ་ཇེ་མགྱོགས་དང་རྩྭ་ཐང་གི་སྐྱེ་ཁམས་གནས་ཚུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ། རྩྭ་ཐང་གི་སྐྱེ་ཁམས་རྩོལ་ནུས་དང་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏང་དགོས། (ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་ཞིང་ཆེན་ནགས་རྩྭ་ཅུས་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཞི) ཚན་རྩལ་གྱིས་འདེགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། ལག་རྩལ་གསར་གཏོད་སྒུལ་ཤུགས་སུ་བརྩིས་ནས་ལྗང་སྒྱུར་ལ་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པའི་ནུས་པ་འཛུགས་སྐྱོང་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་བསམ་གཞིགས་བྱ་དགོས། ཚན་ཞིབ་གླིང་ངམ་ཁང་དང་ལག་རྩལ་ཞབས་ཕྱིའི་གསོ་སྦྱོང་སོགས་ཐད་ནས་མཉམ་ལས་ཟབ་མོ་བྱེད་པར་ཤུགས་བསྣན་ཏེ་ནགས་ལས་དང་ཆུའི་འབྲེལ་བ་ཞིབ་འཇུག་དང། རང་ཡུལ་གྱི་སྡོང་མྱུག་དང་རྩྭ་སོན་སྲུང་སྐྱོང་དང་གསོ་སྤེལ། སྡོང་ཕྲུག་དང་ཕྱུགས་རྩྭའི་རིགས་གསར་བ་འདེམས་གསོ། སྐྱེ་འཕེལ་དཀའ་བའི་ས་ཁུལ་དུ་ནགས་སྐྲུན་ལྗང་སྒྱུར། ཚད་གཞི་ཅན་གྱི་མིའི་རྩོལ་བས་ཕྱུགས་རྩྭ་འདེབས་གསོ། ས་ནག་ཐང་དང་བྱེ་འགྱུར་རྩྭ་ས་བཅོས་སྐྱོང་སོགས་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་བྱ་བ་ཧུར་ཐག་གིས་སྤེལ་ཐོག་ནགས་རྩྭའི་ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་པ་དང་ཚན་རྩལ་དཔེ་སྟོན་རྟེན་གཞི་བསྐྲུན་དགོས། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་སྐྱེ་ཁམས་ཐོན་རྫས། སྐྱེ་ཁམས་ཞབས་ཕྱི། སྐྱེ་ཁམས་གདེང་འཇོག་སོགས་ནགས་རྩྭའི་ལག་རྩལ་ཚད་གཞིའི་མ་ལག་འཐུས་ཚང་དུ་འཛུགས་པ་དང། ནགས་རྩྭའི་སོན་རྒྱུའི་ཐོན་ཁུངས་ལ་ཡོངས་བཤེར་དང་ཤིང་ནགས་ཀྱི་སོན་བཟང་དང་རྩྭ་རིགས་ཞིབ་བཤེར་གཏན་འབེབས་བྱེད་ཅིང། ཐན་འགོག་ནགས་སྐྲུན་སོགས་ཀྱི་དངོས་སྤྱོད་ལག་རྩལ་ཧུར་ཐག་གིས་ཁྱབ་གདལ་དུ་བཏང་ནས་རྒྱལ་ཁོངས་ལྗང་སྒྱུར་གྱི་ཚན་རྩལ་འདུས་ཚད་རྒྱུན་མི་ཆད་པར་ཇེ་མཐོར་གཏང་དགོས། (ཞིང་ཆེན་ནགས་རྩྭ་ཅུས་དང་ཞིང་ཆེན་ཚན་རྩལ་ཐིན། ཀྲུང་གོའི་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང། མཚོ་སྔོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

ལག་བསྟར་བསམ་འཆར་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ གཞུང་ལས་ཐིན།

2022ལོའི་ཟླ1པོའི་ཚེས28ཉིན།