༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ ཐེངས་གསུམ་པ་བྱེད་པའི་སྐོར་གྱི་བརྡ་སྦྱོར།

རྒྱལ་སྤེལ〔2022〕ཨང4བ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང། ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་དང་བཀོད་སྒྲིག་ལྟར་རང་རྒྱལ་གྱི་ས་རྒྱུའི་ཐོན་ཁུངས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2022ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པ་བྱེད་པར་ཐག་བཅད་པ་ཡིན། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག ཡོངས་བཤེར་གྱི་སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ཁ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་ལེན་དུ་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་བཙུགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ཤིང། ཕྱོགས་ཡོངས་རང་བཞིན་དང་ཚན་རིག་རང་བཞིན། ཆེད་ལས་རང་བཞིན་བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ཐོག ད་ཡོད་ཀྱི་གྲུབ་འབྲས་དང་འབྲེལ་མཐུད་བྱས་ནས། “གཅིག་གྱུར་གྱིས་མགོ་ཁྲིད་དང་སྡེ་ཁག་བར་རོགས་ལས་བྱེད་པ་དང། རིམ་པ་བགོས་ནས་འགན་འཁུར་བ། ཕྱོགས་སོ་སོ་ཞུགས་པ”བཅས་ཀྱི་བླང་བྱ་ལྟར་རང་རྒྱལ་གྱི་ས་རྒྱུའི་རིགས་དང་ཁྱབ་ཚུལ་གྱི་ཆོས་ཉིད། ས་རྒྱུའི་ཐོན་ཁུངས་ཀྱི་ད་ཡོད་གནས་ཚུལ་དང་འགྱུར་ལྡོག་གི་འགྲོ་ཕྱོགས་ལ་ཕྱོགས་ཡོངས་ནས་རྩད་ཆོད་མཐའ་གསལ་བྱེད་པ་དང། ས་རྒྱུའི་སྤུས་ཚད་དང། ངོ་བོ་དང་ཆགས་དབྱིབས། བེད་སྤྱོད་གནས་ཚུལ་སོགས་ཀྱི་གཞི་རྩའི་གཞི་གྲངས་ལ་དོན་དངོས་དང་ཡང་དག་ངང་ཁོང་དུ་ཆུད་པར་བྱེད་པ། ས་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་དང་ཞིང་ལས་ཐོན་སྐྱེད་ཀྱི་བཀོད་པ་ལེགས་སྒྱུར། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བཅས་བྱེད་པར་རྨང་གཞི་བརྟན་པོ་གདིང་དགོས་ལ། ཞིང་ལས་ཞིང་སྡེའི་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བ་དང། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ནུས་ལྡན་གྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།

གཉིས། ཡོངས་བཤེར་བྱ་ཡུལ་དང་ནང་དོན།

ཡོངས་བཤེར་བྱ་ཡུལ་ལ་རྒྱལ་ཡོངས་ཀྱི་རྨོ་ཞིང་དང་ལྡུམ་ར། ནགས་ས། རྩྭ་ས་སོགས་ཞིང་སྤྱོད་ས་ཞིང་དང་བཀོལ་སྤྱོད་བྱས་མེད་པའི་ས་རྒྱུ་དག་ཡོད། དེའི་ཁྲོད་ནགས་ས་དང་རྩྭ་སའི་ཐད་ཟས་རིགས་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་ས་ཞིང་ལ་གཙོ་གནད་དུ་བརྟག་དཔྱད་དང། བཀོལ་སྤྱོད་བྱས་མེད་པའི་ས་རྒྱུའི་ཐད་གསར་སྦོལ་བྱེད་ཆོག་པའི་རྨོ་ཞིང་ཐོན་ཁུངས་དང་འབྲེལ་བ་ཡོད་པའི་ས་ཞིང་ལ་གཙོ་གནད་དུ་བརྟག་དཔྱད་བྱ་དགོས། དཔེར་ན་ས་ཞིང་བ་ཚྭ་ཅན་ལྟ་བུ་སོགས།

ཡོངས་བཤེར་གྱི་ནང་དོན་ནི་ས་རྒྱུའི་ངོ་བོ་དང་ཆགས་དབྱིབས། རིགས། སྐྱེ་འཕེལ་ཆ་རྐྱེན། བེད་སྤྱོད་བྱས་ཚུལ་སོགས་ཡིན། དེའི་ནང་ངོ་བོ་དང་ཆགས་དབྱིབས་ཡོངས་བཤེར་ལ་རི་ཐང་གི་ས་རྒྱུའི་ཕྱི་ངོས་ཀྱི་དངོས་དཔེ་འཚོལ་བསྡུ་དང། དངོས་ལུགས་རྫས་འགྱུར་དང་སྐྱེ་དངོས་ཀྱི་ངོ་བོ་དང་ཆགས་དབྱིབས་ཀྱི་དམིགས་ཚད་ལ་དབྱེ་ཞིབ་རྫས་བརྟག་སོགས་འདུས་ཤིང། རིགས་ཡོངས་བཤེར་ལ་ས་རྒྱུའི་རིགས་གཙོ་བོའི་གཤགས་ངོས་སྔོག་འདོན་ལྟ་ཞིབ་ཚད་ལེན་དང་དཔེ་ལེན་རྫས་བརྟག་སོགས་འདུས་ཡོད་ལ། སྐྱེ་འཕེལ་ཆ་རྐྱེན་ཡོངས་བཤེར་ལ་ས་དབྱིབས་དང་ས་བབ་ཆགས་ཚུལ། ཆུ་དཔྱད་ས་གཤིས་སོགས་འདུས་ཤིང། བེད་སྤྱོད་བྱས་ཚུལ་ཡོངས་བཤེར་ལ་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་དང་སྔོ་ཁེབས་ཀྱི་རིགས་སོགས་འདུས་ཡོད།

གསུམ། ཡོངས་བཤེར་གྱི་དུས་ཚོད་བཀོད་སྒྲིག

2022ལོར་བྱ་བའི་ཇུས་གཞི་བཟོ་བ་དང་ལག་རྩལ་གྱི་སྒྲིག་སྲོལ་བཟོ་བ། བྱ་བའི་ལས་སྟེགས་སྐྲུན་པ། ཕྱི་ལས་ཀྱི་དཔེ་ལེན་ས་འཆར་འགོད་དང་བཀོད་སྒྲིག ཡོངས་བཤེར་གྱི་ཚོད་ལྟ་བཅས་ཀྱི་བྱ་བ་ལེགས་འགྲུབ་བྱེད་པ་དང། གསོ་སྦྱོང་དང་དྲིལ་བསྒྲགས་སོགས་ཀྱི་བྱ་བ་སྤེལ་ཞིང། རྒྱལ་ཡོངས་ཀྱི་ས་ཞིང་བ་ཚྭ་ཅན་ཡོངས་བཤེར་བྱེད་མགོ་རྩོམ་པར་མ་ཟད་ལེགས་འགྲུབ་བྱ་དགོས།

2023ལོ་ནས2024ལོའི་བར་རིམ་པ་མང་བ་ནས་ལག་རྩལ་དངོས་སྦྱོང་མཛུབ་སྟོན་བྱེད་པར་སྒྲིག་འཛུགས་དང། ཕྱི་ལས་ཀྱི་བརྟག་དཔྱད་དཔེ་ལེན་དང་ནང་ལས་ཀྱི་ཚོད་ལྟ་རྫས་བརྟག་གི་བྱ་བ་ལེགས་འགྲུབ། ས་རྒྱུ་ཡོངས་བཤེར་གྱི་གཞི་གྲངས་མཛོད་དང་དངོས་དཔེ་མཛོད་འཛུགས་སྐྲུན་བཅས་བྱས་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་འགྲུབ་པར་བྱ་དགོས། ཕྱི་ལས་ཀྱི་བརྟག་དཔྱད་དང་དཔེ་ལེན་དུས་ཡུན་ནི2024ལོའི་ཟླ11པའི་ཟླ་མཇུག་བར་ཡིན།

2025ལོའི་ལོ་སྟོད་དུ་ཡོངས་བཤེར་གྱི་གྲུབ་འབྲས་ལེགས་སྒྲིག་དང་གཞི་གྲངས་ཞིབ་བཤེར་གཏན་འབེབས་ཀྱི་བྱ་བ་ལེགས་འགྲུབ་བྱས་ནས། རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་གཞི་རྩའི་གཞི་གྲངས་ཕྱོགས་བསྡུས་བྱ་དགོས་ཤིང། ལོ་སྨད་ལ་ཡོངས་བཤེར་བྱས་འབྲས་རྩིས་ལེན་དང་བསྒྲིགས་འབུལ། ཕྱོགས་བསྡོམས་བཅས་ཀྱི་བྱ་བ་ལེགས་འགྲུབ་བྱས་ནས། ས་རྒྱུ་ཡོངས་བཤེར་གྱི་གཞི་གྲངས་མཛོད་དང་དངོས་དཔེ་མཛོད་བསྐྲུན་པ་དང། རྒྱལ་ཡོངས་ཀྱི་རྨོ་ཞིང་གི་སྤུས་ཚད་སྙན་ཞུ་དང་རྒྱལ་ཡོངས་ཀྱི་ས་རྒྱུ་བེད་སྤྱོད་འོས་འཚམ་རང་བཞིན་གྱི་གདེང་འཇོག་སྙན་ཞུ་འགྲུབ་པར་བྱ་དགོས།

བཞི། ཡོངས་བཤེར་བྱ་བའི་རྩ་འཛུགས་དང་ལག་བསྟར།

ས་རྒྱུ་ཡོངས་བཤེར་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་ལ་བརྟག་དཔྱད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། འབྲེལ་ཡོད་ཁྱབ་ཁོངས་ཆེ་ལ་ཐེ་ཞུགས་སྡེ་ཁག་མང་བ་དང། བྱ་བའི་ལས་འགན་ལྕི་ལ་ལག་རྩལ་གྱི་བླང་བྱ་མཐོ་བ་ཞིག་ཡིན། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་མགོ་ཁྲིད་ཚན་ཆུང(གཤམ་དུ་མགོ་ཁྲིད་ཚན་ཆུང་ཞེས་བསྡུ་རྒྱུ)བཙུགས་ནས། ཡོངས་བཤེར་བྱ་བ་རྩ་འཛུགས་དང་ལག་བསྟར་བྱེད་པའི་རིང་གི་གནད་དོན་ཆེན་པོ་ཞིབ་འཇུག་དང་ཇུས་ཐག་འགོད་པའི་འགན་འཁུར་དགོས། མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དེ་ཞིང་ལས་ཞིང་སྡེ་པུའུ་རུ་བཙུགས་ནས་ཡོངས་བཤེར་བྱ་བ་དངོས་སུ་རྩ་འཛུགས་དང་མཐུན་སྦྱོར་བྱེད་པའི་འགན་འཁུར་དགོས། མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སྡེ་ཚན་གྱིས་རང་འགན་རང་འཁུར་དང་རང་འགན་གཙང་སྒྲུབ། ཤུགས་སྒྲིལ་མཉམ་ལས། གཞོགས་འདེགས་དམ་ཟབ་བཅས་བྱས་ནས། ལག་རྩལ་མཛུབ་སྟོན་དང་ཆ་འཕྲིན་མཉམ་སྤྱོད། སྤུས་ཚད་ཚོད་འཛིན། གྲོན་དངུལ་དང་དངོས་ཟོག་འགན་ལེན་སོགས་ཀྱི་བྱ་བར་ཤུགས་བསྣན་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་སོ་སོ་ནི་ས་ཁུལ་དེ་གའི་ས་རྒྱུ་ཡོངས་བཤེར་བྱ་བའི་འགན་འཁུར་མཁན་གཙོ་བོ་ཡིན་པས། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་དང། བརྒྱུད་རིམ་ལྡན་པའི་ངང་འཆར་འགོད། སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་སྟེ་ཡོངས་བཤེར་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་ཐུབ་པར་ཁག་ཐེག་བྱ་དགོས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དེ་མཚུངས་ཀྱི་ཡོངས་བཤེར་མགོ་ཁྲིད་ཚན་ཆུང་དང་དེའི་གཞུང་ལས་ཁང་བཙུགས་ནས། ས་ཁུལ་དེ་གའི་ཡོངས་བཤེར་བྱ་བ་རྩ་འཛུགས་དང་ལག་བསྟར་བྱེད་པའི་འགན་འཁུར་དགོས། ཞིང་ཆེན (རང་སྐྱོང་ལྗོངས་སམ་ཐད་སྐྱོང་གྲོང་ཁྱེར)སོ་སོས་གཅིག་གྱུར་གྱི་བླང་བྱ་ལྟར་ས་ཁུལ་དེ་གའི་དོན་དངོས་དང་སྦྲེལ་ནས་ལག་བསྟར་འཆར་གཞི་བཟོས་ཏེ། མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ལ་ཞུ་ཚགས་འགོད་དགོས།

ལྔ། ཡོངས་བཤེར་གྱི་གྲོན་དངུལ་འགན་སྲུང།

ཐེངས་འདིའི་ས་རྒྱུ་ཡོངས་བཤེར་གྲོན་དངུལ་ནི་ཀྲུང་དབྱང་ནོར་སྲིད་དང་ས་གནས་ནོར་སྲིད་ཀྱིས་ཁུར་བའི་བྱ་བའི་ལས་འགན་ལྟར་འགན་བགོ་དགོས། ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་ལག་རྩལ་སྒྲིག་སྲོལ་བཟོ་བ་དང། ལས་སྟེགས་ཀྱི་མ་ལག་སྐྲུན་པ། བྱ་བའི་གཞི་རིས་འབྲི་བ། དཔེ་ལེན་ས་འཆར་འགོད་དང་བཀོད་སྒྲིག་སོགས་ཀྱི་འགན་འཁུར་ཞིང། རྒྱལ་ཁབ་རིམ་པའི་ལག་རྩལ་གསོ་སྦྱོང་དང། ཆེད་མཁས་པས་མཛུབ་སྟོན་ཞབས་ཕྱི་སྒྲུབ་པ། ནང་ལས་ཀྱི་ཚོད་ལྟ་རྫས་བརྟག་བྱས་འབྲས་ཟུར་བཤེར་ཞུ་དག གཞི་གྲངས་ལ་དབྱེ་ཞིབ་དང་གྲུབ་འབྲས་ཕྱོགས་བསྡུས་སོགས་ཀྱི་འགན་འཁུར་དགོས། ས་གནས་ཀྱིས་ས་ཁོངས་དེ་གའི་ཕྱི་ལས་ལ་བརྟག་དཔྱད་དང་དཔེ་ལེན། ནང་ལས་ཀྱི་ཚོད་ལྟ་རྫས་བརྟག ལག་རྩལ་གསོ་སྦྱོང། ཆེད་མཁས་པས་མཛུབ་སྟོན་ཞབས་ཕྱི་སྒྲུབ་པ། གཞི་གྲངས་ལ་དབྱེ་ཞིབ་དང་གྲུབ་འབྲས་ཕྱོགས་བསྡུས་སོགས་ཀྱི་འགན་འཁུར་དགོས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བྱ་བའི་མྱུར་ཚད་ལྟར་བཀོད་སྒྲིག་བྱེད་པ་དང། གྲོན་དངུལ་ནི་དེ་མཚུངས་ཀྱི་ལོ་འཁོར་སྔོན་རྩིས་ནང་བཅུག་ནས་འགན་སྲུང་བྱ་དགོས་པར་མ་ཟད། ལྟ་སྐུལ་རྩིས་བཤེར་བྱེད་ཤུགས་ཇེ་ཆེར་གཏང་དགོས། ས་གནས་སོ་སོས་གཏན་འབེབས་ལྟར་ད་ཡོད་ཀྱི་མ་དངུལ་ཐབས་ལམ་སྤྱི་འདོམས་བྱས་ནས་ས་རྒྱུ་ཡོངས་བཤེར་གྱི་འབྲེལ་ཡོད་བྱ་བར་རྒྱབ་སྐྱོར་བྱེད་ཆོག

དྲུག ཡོངས་བཤེར་བྱ་བའི་བླང་བྱ།

ས་གནས་སོ་སོས་ཆེད་མཁས་པའི་ལག་རྩལ་མཛུབ་སྟོན་བྱེད་ཤུགས་དང། ཆེད་ལས་ལག་རྩལ་མི་སྣ་བཀོད་སྒྲིག་དང་ཡོངས་བཤེར་དཔུང་ཁག་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ས་རྒྱུ་ཡོངས་བཤེར་དེ་ཆེད་ལས་ཅན་དང་ཚད་གཞི་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བར་ཁག་ཐེག་བྱ་དགོས། སྤུས་ཚད་ཚོད་འཛིན་ལ་ཤུགས་བསྣན་ཐོག ཡོངས་བཤེར་བྱ་བའི་སྤུས་ཚད་དོ་དམ་མ་ལག་དང་ཡོངས་བཤེར་གྱི་གཞི་གྲངས་སྤུས་ཚད་ཁུངས་འདེད་རྐྱེན་སྲོལ་བཙུགས་ཏེ་རིམ་པ་བཞིན་འགན་འཁྲི་ནན་དཀྲི་བྱ་དགོས། རིམ་པ་སོ་སོའི་ཡོངས་བཤེར་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་ངེས་པར་དུ་བླང་བྱ་ལྟར་ཡོངས་བཤེར་གྱི་གཞི་གྲངས་ཡར་འབུལ་ནན་པོ་བྱ་དགོས་ཤིང། གཞི་གྲངས་ངོ་མ་དང་ཡང་དག་པ། ཆ་ཚང་བ་བཅས་ཡིན་པར་ཁག་ཐེག་བྱ་དགོས། ས་གནས་དང་སྡེ་ཁག སྡེ་ཚན། མི་སྒེར་བཅས་གང་གིས་ཀྱང་རྫུན་ཞུ་དང་བསྐུང་ཞུ། མི་ཞུ་བ། འགྱངས་ཞུ་བཅས་བྱེད་མི་ཆོག་ལ། མི་བདེན་རྫུན་བཟོ་དང་ཡོངས་བཤེར་གྱི་གཞི་གྲངས་ལ་གཡོ་བཅོས་ཀྱང་བྱེད་མི་ཆོག ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱལ་ཡོངས་གཅིག་གྱུར་གྱི་ས་རྒྱུ་ཡོངས་བཤེར་བྱ་བའི་ལས་སྟེགས་སོགས་དེང་རབས་ཅན་གྱི་ལག་རྩལ་བྱ་ཐབས་བེད་སྤྱོད་གང་ལེགས་བྱས་ཏེ་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང། ཚན་རིག་དང་མཐུན་པ། ཚད་དང་ལྡན་པ། ཕན་ནུས་ཆེ་བ་བཅས་ཀྱི་སྒོ་ནས་ཡོངས་བཤེར་བྱ་བར་སྐུལ་འདེད་གཏང་དགོས། ཚགས་པར་དང་དུས་དེབ། རྒྱང་སྒྲོག བརྙན་འཕྲིན། སྦྲེལ་དྲ་སོགས་ཀྱི་སྨྱན་བྱད་བེད་སྤྱོད་ལེགས་པོ་བྱས་ཐོག ས་རྒྱུ་ཡོངས་བཤེར་གྱི་དོན་སྙིང་གལ་ཆེན་དང་བླང་བྱ་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ། ཡོངས་བཤེར་བྱ་བ་བདེ་བླག་ངང་སྤེལ་བར་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་དགོས།

ཟུར་བཀོད།

༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་མིང་ཐོ།

ཙུའུ་ཀྲང། ཧུའུ་ཁྲུན་ཧྭ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།

ཙུའུ་ཀྲང་གཞོན་པ། ཐང་རེན་ཅན། ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང།

ལུའུ་ཧའོ། རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང།

ཀུའོ་ཝེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ།

ཁོངས་མི། ཐང་ཏེང་ཅེ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ།

ཀྲུའུ་ཀྲུང་མིང། ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ།

ཆིའུ་ཆི་ཝུན། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ།

ཐེན་ཞུའེ་པིན། ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པ།

ཀྲང་ཐའོ་ལིན། ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ།

ལི་ཞའོ་ཁྲའོ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ།

ཀྲང་ཐའོ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ།

ལི་ཧྲུའུ་མིང། རྒྱལ་ཁབ་ནགས་རྩྭ་ཅུས་ཀྱི་ཅུས་ཀྲང་གཞོན་པ།

མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་དེ་ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཐའོ་ལིན་གྱིས་གཅིག་ལྕོགས་བྱ་དགོས།