༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་ཁྲིམས་འཛིན་པུའུ་ཡི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་སྲིད་འཛིན་བསྐྱར་གྲོས་གྱོད་གཞི་ཞིབ་གཅོད་བྱེད་པའི་གནད་དོན་འགའི་སྐོར་གྱི་མཛུབ་སྟོན་བསམ་འཆར་བརྒྱུད་འགྲེམ་བྱས་པའི་བརྡ་སྦྱོར།

རྒྱལ་གཞུང་འཕྲིན[2021]ཨང132པ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

ཁྲིམས་འཛིན་པུའུ་ཡི《སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་སྲིད་འཛིན་བསྐྱར་གྲོས་གྱོད་གཞི་ཞིབ་གཅོད་བྱེད་པའི་གནད་དོན་འགའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་མོས་མཐུན་བྱུང་ཞིང། ད་ལྟ་ཁྱོད་ཚོར་བརྒྱུད་འགྲེམ་བྱས་པ་ཡིན་པས་ནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་བགྱི་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།

2021ལོའི་ཟླ12པའི་ཚེས22ཉིན།

༄༅། །སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་སྲིད་འཛིན་བསྐྱར་གྲོས་གྱོད་གཞི་ཞིབ་གཅོད་བྱེད་པའི་གནད་དོན་འགའི་སྐོར་གྱི་མཛུབ་སྟོན་བསམ་འཆར།

ཁྲིམས་འཛིན་པུའུ།

དོན་ཚན་དང་པོ། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་སྲིད་འཛིན་བསྐྱར་གྲོས་གྱོད་གཞི་ཞིབ་གཅོད་བྱེད་པའི་བྱ་བ་སྔར་བས་ཚད་ལྡན་དུ་གཏོང་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིགསྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཆ་འཕྲིན་ཐག་གཅོད་གྲོན་དངུལ་ལ་དོ་དམ་བྱེད་ཐབསབཅས་གཞིར་བཟུང་སྟེ། བྱ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ནས་མཛུབ་སྟོན་བསམ་འཆར་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་ཀྱིས་དེ་དག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཡོད་པར་འདོད་ཅིང། གཤམ་གསལ་ལས་གནས་ཚུལ་གང་རུང་གཅིག་མཆིས་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ལ་ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུ་ཆོག་པ་སྟེ།

(གཅིག) སྲིད་འཛིན་ལས་ཁུངས་ལ་སྲིད་གཞུང་གི་ཆ་འཕྲིན་འཐོབ་པའི་རེ་འདུན་ཞུས་པར། སྲིད་འཛིན་ལས་ཁུངས་ཀྱིས་ཡོངས་བསྒྲགས་མི་བྱེད(ཁག་གཅིག་ཡོངས་བསྒྲགས་མི་བྱེད་པ་ཡང་འདུ། གཤམ་དུ་དེ་དང་མཚུངས)དང་། འདོན་སྤྲོད་བྱེད་ཐབས་བྲལ། ཐག་གཅོད་མི་བྱེད་ཅེས་ལན་ལྡོན་པའམ་ཡང་ན་དུས་བསྒྱངས་ཀྱང་ཐག་མ་བཅད་པ།

(གཉིས) སྲིད་འཛིན་ལས་ཁུངས་ཀྱིས་འདོན་སྤྲོད་བྱས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་ཡོངས་བསྒྲགས་བྱེད་པར་རེ་འདུན་ཞུས་པའི་ནང་དོན་མིན་པར་འདོད་པ།

(གསུམ) སྲིད་འཛིན་ལས་ཁུངས་ཀྱིས་སྲིད་གཞུང་གི་ཆ་འཕྲིན་བསྒྲགས་ནས་འཐོབ་པའི་བྱེད་ཐབས་དང་ཐབས་ལམ། ཡང་ན་དུས་ཚོད་བཅས་ནོར་འཁྲུལ་ཡིན་པར་འདོད་པ།

(བཞི) སྲིད་འཛིན་ལས་ཁུངས་ཀྱིས་རང་འགུལ་ངང་ཡོངས་བསྒྲགས་བྱས་པའམ། རེ་འདུན་ལྟར་ཡོངས་བསྒྲགས་བྱས་པའི་སྲིད་གཞུང་གི་ཆ་འཕྲིན་དེས་ཚོང་ལས་ཀྱི་གསང་བ་དང་མི་སྒེར་གྱི་གསང་བར་གནོད་འཚེ་ཐེབས་ཡོད་པར་འདོད་པ།

(ལྔ) སྲིད་འཛིན་ལས་ཁུངས་ཀྱི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་གཞན་དག་གིས་དེའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་ཡོད་པར་འདོད་པ།

དོན་ཚན་གསུམ་པ། སྤྱི་དམངས་དང་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་ལ་ཡིད་འཐད་མ་བྱུང་བར་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུས་པར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་བདག་སྤྲོད་མ་བྱས་ན་ཆོག

(གཅིག) སྲིད་འཛིན་ལས་ཁུངས་ཀྱིས་ཁ་གསབ་དག་བཅོས་དང། དུས་འགྱངས་སོགས་གོ་རིམ་རང་བཞིན་གྱི་ཐག་གཅོད་བྱ་སྤྱོད་འབའ་ཞིག་ལ་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུས་པ།

(གཉིས) སྲིད་འཛིན་ལས་ཁུངས་ཀྱིས་འདོན་སྤྲོད་བྱས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་དེའི་ཤོག་བུ་དང་ཐམ་ག་སོགས་བྱེ་བྲག་གི་རྣམ་པའི་བླང་བྱ་དང་མི་མཐུན་པའམ་ཡང་ན་དེས་བཏོན་པའི་དམིགས་བསལ་གཏན་འབེབས་གྱི་བླང་བྱ་ལྟར་སྲིད་གཞུང་གི་ཆ་འཕྲིན་འདོན་སྤྲོད་མ་བྱས་པར་འདོད་པ།

(གསུམ) གྲོན་དངུལ་སྤྲོད་པའི་དུས་ཡུན་ནང་སྲིད་འཛིན་ལས་ཁུངས་ཀྱི་གྲོན་དངུལ་བསྡུ་བའི་ཆོད་དོན་ལ་བསམ་འཆར་མི་འདྲ་བ་བཏོན་པ།

(བཞི) སྲིད་འཛིན་བསྐྱར་གྲོས་བདག་སྤྲོད་བྱེད་པའི་ཆ་རྐྱེན་དང་མི་མཐུན་པའི་གནས་ཚུལ་གཞན་དག

དོན་ཚན་བཞི་བ། སྤྱི་དམངས་དང་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་སྲིད་འཛིན་ལས་ཁུངས་ཀྱིས་རང་འགུལ་ངང་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་འོས་འགན་ཁྲིམས་ལྟར་མ་བསྒྲུབས་པར་འདོད་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུས་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་བདག་སྤྲོད་བྱེད་མི་དགོས་པར་མ་ཟད། སྔོན་དུ་སྲིད་འཛིན་ལས་ཁུངས་ལ་འབྲེལ་ཡོད་སྲིད་གཞུང་གི་ཆ་འཕྲིན་འཐོབ་པའི་རེ་འདུན་ཞུ་དགོས་པའི་གསལ་བཤད་བྱེད་ཆོག

དོན་ཚན་ལྔ་བ། སྤྱི་དམངས་དང་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་སྲིད་འཛིན་ལས་ཁུངས་སམ་ཡང་ན་སྲིད་འཛིན་ལས་ཁུངས་ཀྱིས་བཙུགས་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་ཕྱི་ཕྱོགས་སུ་རང་ཉིད་ཀྱི་མིང་ཐོག་ནས་སྲིད་འཛིན་དོ་དམ་གྱི་འགན་ནུས་སྒྲུབ་པའི་མངག་གཏོང་ལས་ཁུངས(གཤམ་དུ་མངག་གཏོང་ལས་ཁུངས་ཞེས་བསྡུ་རྒྱུ)ཀྱིས་རེ་འདུན་ཞུས་པ་ལྟར་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱས་པའི་བྱ་སྤྱོད་ལ་ཡིད་འཐད་མ་བྱུང་བར་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུ་ཚེ། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་སྤེལ་མཁན་གྱི་སྲིད་འཛིན་ལས་ཁུངས་སམ་མངག་གཏོང་ལས་ཁུངས་དེ་རེ་འདུན་ཞུ་ཡུལ་ཡིན་དགོས་པ་དང། དུས་བསྒྱངས་ཏེ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་སྤེལ་མེད་པའི་རྐྱེན་གྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུ་ཚེ། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་རེ་འདུན་ཡི་གེ་འབྱོར་བའི་སྲིད་འཛིན་ལས་ཁུངས་སམ་མངག་གཏོང་ལས་ཁུངས་དེ་རེ་འདུན་ཞུ་ཡུལ་ཡིན་དགོས།

སྤྱི་དམངས་དང་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་སྲིད་འཛིན་ལས་ཁུངས་ཀྱིས་རང་འགུལ་ངང་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་བྱ་སྤྱོད་ཀྱིས་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་པར་འདོད་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུ་ཚེ། སྲིད་གཞུང་གི་ཆ་འཕྲིན་དེ་ཡོངས་བསྒྲགས་བྱེད་མཁན་གྱི་སྲིད་འཛིན་ལས་ཁུངས་སམ་མངག་གཏོང་ལས་ཁུངས་ནི་རེ་འདུན་ཞུ་ཡུལ་ཡིན་དགོས།

སྤྱི་དམངས་དང་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་དབང་སྐུར་ཞིང། སྤྱི་པའི་ལས་དོན་ལ་དོ་དམ་གྱི་འགན་ནུས་ཡོད་པའི་རྩ་འཛུགས་ཀྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་བྱ་སྤྱོད་སྤེལ་བར་ཡིད་འཐད་མ་བྱུང་བར་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུ་ཚེ། རྩ་འཛུགས་དེ་ག་ནི་རེ་འདུན་ཞུ་ཡུལ་ཡིན་དགོས།

དོན་ཚན་དྲུག་པ། རེ་འདུན་ཞུ་མཁན་གྱིས་རེ་འདུན་ཞུ་ཡུལ་གྱིས་དུས་ལས་ཡོལ་ཡང་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཐག་གཅོད་མ་བྱས་པར་འདོད་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་གཤམ་གསལ་གྱི་དོན་ཚན་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱ་དགོས་པ་སྟེ།

(གཅིག) རེ་འདུན་ཞུ་ཡུལ་ལォཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིགサལག་བསྟར་བྱེད་པའི་ཁྲིམས་བཀོད་འགན་འཁྲི་ཡོད་མེད།

(གཉིས) རེ་འདུན་ཞུ་ཡུལ་ལ་རེ་འདུན་ཞུ་མཁན་གྱིས་བཏོན་པའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་རེ་འདུན་ཞུ་ཡིག་འབྱོར་ཡོད་མེད།

(གསུམ) རེ་འདུན་ཞུ་མཁན་གྱིས་བཏོན་པའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་རེ་འདུན་ཞུ་སྟངས་དེ་རེ་འདུན་ཞུ་ཡུལ་གྱི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཕྱོགས་སྟོན་གྱི་བླང་བྱ་དང་མཐུན་མིན།

(བཞི) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིག》གི་དོན་ཚན་སུམ་ཅུ་བའི་ནང་གཏན་ལ་ཕབ་པའི་ལུགས་མཐུན་གྱི་རྒྱུ་རྐྱེན་མེད་པར་དུས་བསྒྱངས་ཀྱང་ཁ་གསབ་མི་བྱེད་པའི་གནས་ཚུལ་ཡོད་མེད།

(ལྔ) སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཆ་འཕྲིན་ཐག་གཅོད་གྲོན་དངུལ་ལ་དོ་དམ་བྱེད་ཐབས》ཀྱི་དོན་ཚན་དྲུག་པའི་ནང་གཏན་ལ་ཕབ་པའི་དུས་བསྒྱངས་ཀྱང་ཆ་འཕྲིན་ཐག་གཅོད་གྲོན་དངུལ་མ་སྤྲད་པའི་གནས་ཚུལ་ཡོད་མེད།

དོན་ཚན་བདུན་པ། རེ་འདུན་ཞུ་ཡུལ་གྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཆོག་ཅེས་ལན་ལྡོན་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་གཤམ་གསལ་གྱི་དོན་ཚན་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱ་དགོས་པ་སྟེ།

(གཅིག) རེ་འདུན་ཞུ་ཡུལ་གྱིས་རེ་འདུན་ཞུ་མཁན་ལ་བསྒྲགས་ཤིང་ཐོབ་པའི་སྲིད་གཞུང་གི་ཆ་འཕྲིན་འཐོབ་ཐབས་དང་ཐབས་ལམ། དུས་ཚོད་བཅས་ཡང་དག་ཡིན་མིན།

(གཉིས) རེ་འདུན་ཞུ་ཡུལ་གྱིས་རེ་འདུན་ཞུ་མཁན་ལ་འདོན་སྤྲོད་བྱས་པའི་སྲིད་གཞུང་གི་ཆ་འཕྲིན་ཆ་ཚང་དང་ཡང་དག་ཡིན་མིན།

དོན་ཚན་བརྒྱད་པ། རེ་འདུན་ཞུ་ཡུལ་གྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་མི་བྱེད་ཅེས་ལན་ལྡོན་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་གཤམ་གསལ་གྱི་དོན་ཚན་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱ་དགོས་པ་སྟེ།

(གཅིག) ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་ཁྲིམས་བཀོད་གསང་བ་གཏན་འཁེལ་ཀྱི་གོ་རིམ་ལྟར་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་གསང་བ་ལ་གཏོགས་མིན།

(གཉིས) ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ཡོངས་བསྒྲགས་བྱ་མི་ཆོག་པའི་སྲིད་གཞུང་ཆ་འཕྲིན་གྱི་ཁོངས་སུ་གཏོགས་མིན།

(གསུམ) ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་ཡོངས་བསྒྲགས་བྱས་རྗེས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས། དཔལ་འབྱོར་བདེ་འཇགས། སྤྱི་ཚོགས་བརྟན་འཇགས་བཅས་ལ་གནོད་པའི་སྲིད་གཞུང་ཆ་འཕྲིན་ལ་གཏོགས་མིན།

(བཞི) ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་ཚོང་ལས་ཀྱི་གསང་བ་དང་མི་སྒེར་གྱི་གསང་བ་སོགས་ལ་འབྲེལ་བ་དང། ཡོངས་བསྒྲགས་བྱས་རྗེས་སུ་ཕྱོགས་གསུམ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པའི་སྲིད་གཞུང་ཆ་འཕྲིན་ལ་གཏོགས་མིན།

(ལྔ) ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་རེ་འདུན་ཞུ་ཡུལ་གྱི་མི་དོན་དོ་དམ་དང་རྒྱབ་ཕྱོགས་ཞབས་ཕྱི་དོ་དམ། ནང་ཁུལ་གྱི་བྱ་བའི་བརྒྱུད་རིམ་བཅས་ཕྱོགས་གསུམ་གྱི་ནང་ཁུལ་ལས་དོན་ཆ་འཕྲིན་ལ་གཏོགས་མིན།

(དྲུག) ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་རེ་འདུན་ཞུ་ཡུལ་གྱིས་སྲིད་འཛིན་དོ་དམ་གྱི་འགན་ནུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་གྲུབ་པའི་གྲོས་བསྡུར་ཟིན་ཐོ་དང་བརྒྱུད་རིམ་ཟིན་ཐོ། ཞིབ་གྲོས་འཕྲིན་ཡིག དགོངས་སྐོར་སྙན་ཞུ་བཅས་བརྒྱུད་རིམ་རང་བཞིན་གྱི་ཆ་འཕྲིན་རིགས་བཞི་ལ་གཏོགས་མིན།

(བདུན) ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་སྲིད་འཛིན་ཁྲིམས་བསྟར་གྱི་གྱོད་གཞིའི་ཆ་འཕྲིན་ལ་གཏོགས་མིན།

(བརྒྱད) ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིགགི་དོན་ཚན་སོ་དྲུག་པའི་ནང་ཚན་བདུན་པའི་ནང་གཏན་ལ་ཕབ་པའི་ཆ་འཕྲིན་ལ་གཏོགས་མིན།

དོན་ཚན་དགུ་བ། རེ་འདུན་ཞུ་ཡུལ་གྱིས་སྲིད་གཞུང་གི་ཆ་འཕྲིན་འདོན་སྤྲོད་བྱེད་ཐབས་བྲལ་ཞེས་ལན་ལྡོན་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་གཤམ་གསལ་གྱི་དོན་ཚན་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱ་དགོས་པ་སྟེ།

(གཅིག) ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་རེ་འདུན་ཞུ་ཡུལ་གྱིས་བཟུང་མེད་པའི་གནས་ཚུལ་ལ་གཏོགས་མིན།

(གཉིས) ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་རེ་འདུན་ཞུ་ཡུལ་གྱིས་ད་ཡོད་ཀྱི་སྲིད་གཞུང་གི་ཆ་འཕྲིན་ལ་ལས་སྣོན་དང་དབྱེ་ཞིབ་བྱེད་པའི་གནས་ཚུལ་ལ་གཏོགས་མིན།

(གསུམ) ཁ་གསབ་དང་དག་བཅོས་བྱས་རྗེས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་རེ་ཞུའི་ནང་དོན་དེ་སྔར་བཞིན་གསལ་བོ་མིན་པའི་གནས་ཚུལ་ལ་གཏོགས་མིན།

དོན་ཚན་བཅུ་བ། རེ་འདུན་ཞུ་ཡུལ་གྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་རེ་འདུན་ཐག་གཅོད་མི་བྱེད་ཅེས་ལན་ལྡོན་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་གཤམ་གསལ་གྱི་དོན་ཚན་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱ་དགོས་པ་སྟེ།

(གཅིག) རེ་འདུན་ཞུ་མཁན་གྱིས་བཏོན་པའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་རེ་འདུན་དེ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་རེ་ཞུའི་རྣམ་པས་ཡིག་སྐུར་ངོ་གཏུག་དང་ཞུ་སྦྱོར། ཐེར་འདོན་གོང་ཞུ་སོགས་བྱེད་སྒོ་སྤེལ་བའམ། ཡང་ན་རྒྱལ་ཁབ་ཀྱི་གུན་གསབ་དང་སྲིད་འཛིན་བསྐྱར་གྲོས་སོགས་ཀྱི་རེ་འདུན་ཞུས་པའི་གནས་ཚུལ་ལ་མིན།

(གཉིས) རེ་འདུན་ཞུ་མཁན་གྱིས་བཏོན་པའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་རེ་འདུན་དེ་བསྐྱར་ཟློས་ཀྱིས་རེ་འདུན་ཞུས་པའི་གནས་ཚུལ་ཡིན་མིན།

(གསུམ) རེ་འདུན་ཞུ་མཁན་གྱིས་བཏོན་པའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་རེ་ཞུ་དེ་རེ་འདུན་ཞུ་ཡུལ་གྱིས་སྲིད་གཞུང་གི་སྤྱི་སྒྲོག་དང། ཚགས་པར་དང་དུས་དེབ། དཔེ་དེབ་བཅས་ཀྱི་སྤྱི་བསྒྲགས་པར་སྐྲུན་དངོས་པོ་འདོན་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད་པའི་གནས་ཚུལ་ལ་གཏོགས་མིན།

(བཞི) རེ་འདུན་ཞུ་མཁན་གྱིས་བཏོན་པའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་རེ་འདུན་་དེ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་པའི་གྲངས་འབོར་དང་ཐེངས་གྲངས་ལུགས་མཐུན་གྱི་ཁྱབ་ཁོངས་ལས་མངོན་གསལ་གྱིས་བརྒལ་བ་མ་ཟད། གསལ་བཤད་བྱས་པའི་རྒྱུ་རྐྱེན་དེ་ལུགས་དང་མི་མཐུན་པའི་གནས་ཚུལ་ལ་གཏོགས་མིན།

(ལྔ) རེ་འདུན་ཞུ་མཁན་གྱིས་བཏོན་པའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་རེ་འདུན་དེ་རེ་འདུན་ཞུ་ཡུལ་ལ་གཏན་ཁེལ་བྱེད་པའམ་ཡང་ན་ཐོབ་ཟིན་པའི་སྲིད་གཞུང་གི་ཆ་འཕྲིན་ཡང་བསྐྱར་གདོན་དགོས་པའི་བླང་བྱ་བཏོན་པའི་གནས་ཚུལ་ལ་གཏོགས་མིན།

དོན་ཚན་བཅུ་གཅིག་པ། རེ་འདུན་ཞུ་མཁན་གྱིས་རེ་འདུན་ཞུ་ཡུལ་ལ་སྲིད་གཞུང་གི་ཆ་འཕྲིན་དག་བཅོས་བྱ་དགོས་པའི་བླང་བྱ་བཏོན་ཀྱང། རེ་འདུན་ཞུ་ཡུལ་གྱིས་དག་བཅོས་མ་བྱས་ཚེ། རེ་འདུན་ཞུ་མཁན་གྱིས་སྔོན་ཆད་རེ་འདུན་ཞུ་ཡུལ་ལ་དག་བཅོས་བྱ་རྒྱུའི་རེ་འདུན་ཞུས་པའི་བདེན་དཔང་རྒྱུ་ཆ་འདོན་སྤྲོད་བྱ་དགོས།

དོན་ཚན་བཅུ་གཉིས། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་རྒྱུན་འཁྱོངས་བྱ་རྒྱུའི་ཐག་གཅོད་བྱ་དགོས་པ་སྟེ།

(གཅིག) ཡོངས་བསྒྲགས་བྱེད་པར་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་རང་འགུལ་གྱིས་ཡོངས་བསྒྲགས་བྱས་ཟིན་ན། རེ་འདུན་ཞུ་ཡུལ་གྱིས་བསྒྲགས་ནས་ཐོབ་པའི་སྲིད་གཞུང་གི་ཆ་འཕྲིན་ཐོབ་ཐབས་དང་ཐབས་ལམ་ཡང་དག་ཡིན་པ།

(གཉིས) ཡོངས་བསྒྲགས་བྱེད་པར་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་ཡོངས་བསྒྲགས་བྱེད་ཆོག་ཚེ། རེ་འདུན་ཞུ་ཡུལ་གྱིས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་སྲིད་གཞུང་གི་ཆ་འཕྲིན་དེ་འདོན་སྤྲོད་བྱས་པའམ། ཡང་ན་སྲིད་གཞུང་གི་ཆ་འཕྲིན་དེ་བསྒྲགས་ནས་ཐོབ་པའི་ཐབས་ལམ་དང་དུས་ཚོད་ཡང་དག་ཡིན་པ།

(གསུམ) ཡོངས་བསྒྲགས་བྱེད་པར་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་མི་ཆོག་པ་དེཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིགགི་དོན་ཚན་བཅུ་བཞི་བ་དང་བཅོ་ལྔ་བ། བཅུ་དྲུག་པ་དང། དོན་ཚན་སོ་དྲུག་པའི་ནང་ཚན་བདུན་པ་བཅས་ཀྱི་གཏན་འབེབས་དང་མཐུན་དགོས་པ།

(བཞི) ཡོངས་བསྒྲགས་བྱེད་པར་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་འདོན་སྤྲོད་བྱེད་ཐབས་བྲལ་བའམ་ཡང་ན་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཐག་གཅོད་མ་བྱས་པ་དེ། མཛུབ་སྟོན་བསམ་འཆར་འདིའི་དོན་ཚན་དགུ་བ་དང་བཅུ་བར་འདོན་སྤྲོད་བྱེད་ཐབས་བྲལ་བའམ་ཡང་ན་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་་ཐག་གཅོད་མ་བྱེད་པའི་སྐོར་གྱི་གནས་ཚུལ་ལ་གཏོགས་པ་ཡིན།

(ལྔ) སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་ཁྲིམས་ལྟར་རྒྱུན་འཁྱོངས་བྱ་དགོས་པའི་གནས་ཚུལ་གཞན་དག

གོང་གསལ་ནང་ཚན་དུ་འཁོད་པའི་གནས་ཚུལ་ལ་གཏོགས་པ་དང། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་ཀྱི་དོན་དངོས་ངེས་གསལ་བྱས་པ་ཁ་གསལ་ཞིང། སྤྱོད་འཐུས་ཀྱི་གཞི་འཛིན་ས་ཡང་དག་ཡིན་ལ། ལན་ལྡོན་པའི་ནང་དོན་ཡང་འོས་འཚམ་ཡིན་མོད། གོ་རིམ་ཁྲིམས་འགལ་ཡིན་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་ཀྱི་གོ་རིམ་དེ་ཁྲིམས་འགལ་ཡིན་པར་ངོས་འཛིན་རྒྱུའི་ཐག་གཅད་དགོས།

དོན་ཚན་བཅུ་གསུམ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་ཞུ་ཡི་གེ་ཕྱིར་བསློག་རྒྱུའི་ཐག་གཅད་དགོས།

(གཅིག) རེ་འདུན་ཞུ་མཁན་གྱིས་རེ་འདུན་ཞུ་ཡུལ་གྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་འགན་འཁྲི་ལག་བསྟར་བྱས་མེད་པར་འདོད་པ་དང། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་བདག་སྤྲོད་བྱས་རྗེས་རེ་འདུན་ཞུ་ཡུལ་ལ་དེར་བསྟུན་གྱི་ཁྲིམས་བཀོད་འགན་འཁྲི་མེད་པའམ་ཡང་ན་བདག་སྤྲོད་མ་བྱས་གོང་དུ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་འགན་འཁྲི་ལག་བསྟར་བྱས་ཟིན་པ།

(གཉིས) སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་བདག་སྤྲོད་བྱས་རྗེས་སྲིད་འཛིན་བསྐྱར་གྲོས་རེ་འདུན་དེ་མཛུབ་སྟོན་བསམ་འཆར་འདིའི་དོན་ཚན་གསུམ་པའི་ནང་གཏན་ལ་ཕབ་པའི་གནས་ཚུལ་ལས་རིགས་གཅིག་ཡིན་པ་ཤེས་རྟོགས་བྱུང་བ།

(གསུམ) རེ་འདུན་ཞུ་མཁན་གྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་པར་རེ་འདུན་ཞུ་ཡུལ་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིགགི་དོན་ཚན་སུམ་ཅུ་བ་དང། སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཆ་འཕྲིན་ཐག་གཅོད་གྲོན་དངུལ་ལ་དོ་དམ་བྱེད་ཐབསཀྱི་དོན་ཚན་དྲུག་པའི་གཏན་འབེབས་དང་མཐུན་པར་ཐག་གཅོད་མ་བྱས་པ།

(བཞི) བཅའ་ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཕྱིར་བསློག་རྒྱུའི་ཐག་གཅད་དགོས་པའི་གནས་ཚུལ་གཞན་དག

དོན་ཚན་བཅུ་བཞི་བ། རེ་འདུན་ཞུ་ཡུལ་གྱིས་ཁྲིམས་བཀོད་ཀྱི་དུས་བཅད་ནང་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཐག་གཅོད་མ་བྱས་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་རེ་འདུན་ཞུ་ཡུལ་གྱིས་དུས་བཅད་ངེས་ཅན་ཞིག་གི་ནང་ཐག་གཅོད་དགོས་པར་གཏན་འབེབས་བྱ་དགོས།

དོན་ཚན་བཅོ་ལྔ་བ། གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་བྱ་སྤྱོད་ལ་འགྱུར་བ་གཏོང་རྒྱུའི་ཐག་གཅད་དགོས།

(གཅིག) སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་ཀྱི་དོན་དངོས་ངེས་གསལ་བྱས་པ་ཁ་གསལ་ཞིང། སྤྱོད་འཐུས་ཀྱི་གཞི་འཛིན་ས་ཡང་དག་ཡིན་ལ། གོ་རིམ་ཡང་ཁྲིམས་མཐུན་ཡིན་མོད། ལན་ལྡོན་པའི་ནང་དོན་འོས་འཚམ་མ་ཡིན་པ།

(གཉིས།) སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་ཀྱི་དོན་དངོས་ངེས་གསལ་བྱས་པ་ཁ་གསལ་ཞིང། ལན་ལྡོན་པའི་ནང་དོན་འོས་འཚམ་ཡིན་ལ། གོ་རིམ་ཡང་ཁྲིམས་མཐུན་ཡིན་མོད། སྤྱོད་འཐུས་ཀྱི་གཞི་འཛིན་ས་ཡང་དག་མིན་པ།

དོན་ཚན་བཅུ་དྲུག་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་ཕྱིར་འཐེན་པའམ་ཁག་གཅིག་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱ་དགོས་པར་མ་ཟད། རེ་འདུན་ཞུ་ཡུལ་ལ་དུས་བཅད་ངེས་ཅན་ཞིག་གི་ནང་རེ་འདུན་ཞུ་མཁན་གྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་བཏོན་པར་ཡང་བསྐྱར་ཐག་གཅོད་བྱ་དགོས་པའི་འགན་དཀྲི་ཆོག་པའམ། ཡང་ན་རེ་འདུན་ཞུ་ཡུལ་གྱིས་ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཆོག་པར་ཐག་གཅོད་བྱེད་ཆོག

(གཅིག) རེ་འདུན་ཞུ་ཡུལ་གྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཆོག་ཅེས་ལན་ལྡོན་མོད། འོན་ཀྱང་སྲིད་གཞུང་གི་ཆ་འཕྲིན་ལེན་པའི་ཐབས་ལམ་དང་དུས་ཚོད་ནོར་བའམ། འདོན་སྤྲོད་བྱས་པའི་སྲིད་གཞུང་གི་ཆ་འཕྲིན་ཆ་མི་ཚང་ཞིང་ཡང་མི་དག་པ།

(གཉིས) རེ་འདུན་ཞུ་ཡུལ་གྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་མི་བྱེད་པ་དང་འདོན་སྤྲོད་བྱེད་ཐབས་བྲལ་ཞེས་སམ། ཡང་ན་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུའི་རེ་འདུན་ཐག་གཅོད་མི་བྱེད་ཅེས་ལན་ལྡོན་པ་ལ། དོན་དངོས་ངེས་བཟུང་བ་ཁ་མི་གསལ་ཞིང། སྤྱོད་འཐུས་ཀྱི་གཞི་འཛིན་ས་མངོན་གསལ་གྱིས་ནོར་བའམ་ལན་ལྡོན་པའི་ནང་དོན་མངོན་གསལ་གྱིས་མི་འཚམ་པ།

(གསུམ) སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་བྱ་སྤྱོད་ཁྲིམས་ལྟར་ཕྱིར་འཐེན་པའམ་ཁག་གཅིག་ཕྱིར་འཐེན་བྱ་དགོས་པའི་གནས་ཚུལ་གཞན་དག

གོང་གསལ་ནང་ཚན་དུ་འཁོད་པའི་གནས་ཚུལ་ལ་གཏོགས་ཤིང། རེ་འདུན་ཞུ་མཁན་གྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་མ་ཞུས་གོང་ངམ་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་སྲིད་འཛིན་བསྐྱར་གྲོས་ཆོད་དོན་མ་བཞག་གོང་དུ། རེ་འདུན་ཞུ་མཁན་ལ་འབྲེལ་ཡོད་སྲིད་གཞུང་གི་ཆ་འཕྲིན་ཐོབ་ཟིན་ན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་མིན་ཐག་གཅད་དགོས།

དོན་ཚན་བཅུ་བདུན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་གྱོད་གཞི་ཞིབ་གཅོད་བྱེད་པའི་གོ་རིམ་ཁྲོད་རེ་འདུན་ཞུ་ཡུལ་གྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་འགན་འཁྲི་ཁྲིམས་ལྟར་ལག་བསྟར་མི་བྱེད་པའམ། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་བྱ་བའི་ལམ་ལུགས་ཚད་ལྡན་མིན་པའི་རྐྱེན་གྱིས་མཇུག་འབྲས་ངན་པ་བཟོས་པ་ཤེས་རྟོགས་བྱུང་ན། སྲིད་འཛིན་བསྐྱར་གྲོས་ཀྱི་བསམ་འཆར་ཡི་གེ་བཟོས་ཆོག་པར་མ་ཟད་འབྲེལ་ཡོད་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་བྱ་བའི་གཙོ་སྐྱོང་སྡེ་ཁག་ལ་བཤུ་སྐྱེལ་བྱས་ཆོག་པ་དང། གནས་ཚུལ་ཚབས་ཆེ་ན། འགན་འཁྲི་རྩད་གཅོད་བྱ་རྒྱུའི་བསམ་འཆར་དང་གྲོས་མགོ་བཏོན་ཆོག

གོང་རིམ་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་འོག་རིམ་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་གྱོད་གཞི་ཞིབ་གཅོད་བྱེད་པའི་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏང་དགོས།

དོན་ཚན་བཅོ་བརྒྱད། མཛུབ་སྟོན་བསམ་འཆར་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་ལག་བསྟར་བྱ་དགོས།