༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་སྡུད་རྒྱུག་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

རྒྱལ་གཞུང་སྤེལ ﹝2021﹞ཨང52པ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་སྡུད་རྒྱུག་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞིサལ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་ཞིང། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་ནན་ཏན་སྒོས་རྩ་འཛུགས་བྱས་ནས་ལག་བསྟར་བྱ་དགོས།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་སྡུད་རྒྱུག་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱེད་ཅིང། ཁྲོམ་རའི་བྱེད་པོར་འགན་ལེན་དང་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་གསར་བར་ཁ་གཏད་འཇལ་བར་དམིགས་ནས། ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ཀྱི་གོམ་སྟབས་ཇེ་མགྱོགས་དང་གཞི་གྲངས་གསར་སྤེལ་དང་བེད་སྤྱོད་ཟབ་མོ་གཏོང་བ་དང། མ་དངུལ་སྡུད་རྒྱུག་བྱེད་སྟངས་གསར་གཏོད་དང་ཇེ་ལེགས་སུ་གཏང་དགོས་ཤིང། ཆ་འཕྲིན་བདེ་འཇགས་དང་ཁྲོམ་རའི་བྱེད་པོའི་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་པ་དང། དངུལ་ཁང་སོགས་དངུལ་རྩའི་ལས་ཁུངས་ཀྱིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་ཞབས་ཕྱི་སྒྲུབ་པའི་ནུས་པ་ཇེ་ཆེར་གཏོང་བར་རམ་འདེགས་བྱས་ནས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་དངུལ་བུན་རག་ཐུབ་པའི་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ཐོག མ་དངུལ་སྡུད་རྒྱུག་གི་མ་གནས་ནུས་ཡོད་སྒོས་ཇེ་དམའ་རུ་གཏོང་བ་དང་ངེས་པ་དོན་གྱིས་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་ཅིང། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དཀའ་ཁག་བསལ་ཏེ་གོང་དུ་སྤེལ་རོགས་བྱས་ནས་དཔལ་འབྱོར་བརྟན་འཇགས་ངང་འཁོར་སྐྱོད་བྱེད་པ་སྲུང་འཛིན་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།

2021ལོའི་ཟླ12པའི་ཚེས22ཉིན།

༄༅། །ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་སྡུད་རྒྱུག་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི།

ཁེ་ལས་འབྲིང་ཆུང་ཕྲན་གསུམ་ནི་འཕར་སྣོན་བརྟན་པོ་དང་ལས་ཞུགས་ལ་སྐུལ་འདེད། དམངས་འཚོ་འགན་སྲུང་བཅས་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ལ་དངུལ་རྩའི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་ཟབ་མོ་བཏང་ཞིང། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་སྡུད་རྒྱུག་ལ་ཕན་ནུས་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་མོད། འོན་ཀྱང་དངུལ་ཁང་དང་ཁེ་ལས་ཀྱི་ཆ་འཕྲིན་གཅིག་འདྲ་མིན་པ་སོགས་རྒྱུ་རྐྱེན་གྱིས་ཚོད་འཛིན་ཐེབས་པས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་དངུལ་བུན་རག་ཐུབ་པའི་རང་བཞིན་མི་མཐོ་བ་དང་ཡིད་རྟོན་དངུལ་བུན་གྱིས་ཟིན་པའི་བསྡུར་ཚད་དམའ་བའི་གནད་དོན་སྔར་བཞིན་གནས་ཡོད་པ་རེད། ཡིད་རྟོན་ཆ་འཕྲིན་གྱིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་སྡུད་རྒྱུག་ལ་སྔར་ལས་ལྷག་པར་རོགས་སྐྱོར་གྱི་ནུས་པ་འདོན་པ་དང། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་མ་དངུལ་སྡུད་རྒྱུག་བྱེད་དཀའ་ཞིང་སྡུད་རྒྱུག་གི་མ་གནས་མཐོ་བའི་གནད་དོན་ཞི་ལྷོད་དུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་ཆེད། 《ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཁེ་ལས་ཆུང་འབྲིང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》གྱི་བཀོད་སྒྲིག་དང་ォསྲིད་གཞུང་བྱ་བའི་སྙན་ཞུサཡིི་བླང་བྱར་གཞིར་བཟུང་ནས་ལག་བསྟར་ཇུས་གཞི་འདི་གཏན་ལ་ཕབ་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར་ཡིད་རྟོན་ཆ་འཕྲིན་ལས་སྟེགས་རིགས་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆ་འཕྲིན་གྱི་བདེ་འཇགས་དང་ཁྲོམ་རའི་བྱེད་པོའི་ཁེ་དབང་ངེས་པ་དོན་གྱིས་འགན་སྲུང་བྱས་པའི་སྔོན་འགྲོའི་འོག་ཏུ་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་དང་གཅིག་སྒྲིལ་ཐད་ལ་ཤུགས་བསྣན་ནས་གཞི་གྲངས་ཆེན་མོ་ཉེར་སྤྱོད་ཟབ་མོ་བྱ་དགོས་ལ། མ་དངུལ་སྡུད་རྒྱུག་བྱེད་སྟངས་གསར་གཏོད་དང་ཇེ་ལེགས་སུ་གཏོང་བར་རོགས་སྐྱོར་བྱས་ཐོག ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་དངུལ་རྩའི་ཞབས་ཕྱི་སྒྲུབ་ཤུགས་ཇེ་ཆེར་བཏང་སྟེ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་དངུལ་བུན་ཁྱབ་ཚད་དང་རག་ཐུབ་ཚད། སྟབས་བདེ་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དཀའ་ཁག་བསལ་ཏེ་གོང་དུ་སྤེལ་རོགས་བྱ་དགོས་ཤིང། “བརྟན་འཇགས་དྲུག”གི་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་དང“འགན་སྲུང་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས།

(གཉིས) གཞི་རྩའི་རྩ་དོན།

དགོས་མཁོ་ཕྱོགས་སྟོན་དུ་བཟུང་སྟེ་མཉམ་སྤྱོད་གང་ལེགས་བྱ་དགོས། དངུལ་ཁང་སོགས་དངུལ་རྩའི་ལས་ཁུངས་ཀྱིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་ཞབས་ཕྱི་སྒྲུབ་པའི་ནུས་པ་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། ཡིད་རྟོན་ཆ་འཕྲིན་སྟེགས་བུ་རིགས་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁེ་ལས་དང་འབྲེལ་བའི་ཡིད་རྟོན་ཆ་འཕྲིན་སྣ་ཚོགས་བྱེད་ཐབས་གང་མང་སྤྱད་དེ་གཅིག་བསྡུས་ཀྱིས་མཉམ་སྤྱོད་བྱེད་པ་དང། དངུལ་ཁང་དང་ཁེ་ལས་ཀྱི་ཆ་འཕྲིན་ཆ་འགྲིག་མིན་པའི་དཀའ་གནད་བསལ་དགོས།

གསར་གཏོད་ལྡན་པའི་སྒོ་ནས་ཉེར་སྤྱོད་དང་ཉེན་ཁ་འགོག་སྡོམ་བྱ་དགོས། གཞི་གྲངས་ཆེན་མོ་སོགས་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ནས་ཡིད་རྟོན་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ་དང་དངུལ་རྩའི་ཐོན་རྫས་དང་ཞབས་ཕྱི་གསར་གཏོད་བྱ་དགོས་ཤིང། ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་ཐད་ནས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་གཟིགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཉེན་ཁ་ངོས་འཛིན་དང་ལྟ་ཞིབ་ཚད་ལེན། འགན་བགོས་འཁུར། ཐག་གཅོད་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས་ཉེན་ཁ་འགོག་ཟོན་གྱི་ནུས་པ་ཇེ་ཆེར་གཏང་དགོས།

ཕྱོགས་མང་པོ་ཐེ་ཞུགས་བྱས་ཏེ་མཉམ་སྒྲུབ་མཉམ་འགུལ་བྱ་དགོས། ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ཀྱི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཐོག རྩ་འཛུགས་མཐུན་སྦྱོར་དང་ཆ་འཕྲིན་གཅིག་སྒྲིལ་སོགས་ཐད་ཀྱི་སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱས་ནས་སྲིད་གཞུང་དང་དངུལ་ཁང། འགན་བཅོལ། འགན་ལེན་དང་ཡིད་རྟོན་ཞབས་ཕྱི་སོགས་ལས་ཁུངས་ཀྱིས་མཉམ་སྒྲུབ་མཉམ་འགུལ་བྱེད་པའི་བྱ་བའི་རྣམ་པ་གང་མགྱོགས་ཀྱིས་སྐྲུན་པ་དང་བྱ་བའི་སྒྲིལ་ཤུགས་ཆགས་སུ་འཇུག་དགོས།

བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁེ་དབང་སྲུང་སྐྱོང་བྱ་དགོས། ཆ་འཕྲིན་ལ་རིགས་དང་རིམ་པ་བཀར་ནས་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ཆ་འཕྲིན་བེད་སྤྱོད་པའི་དབང་ཚད་དང་གོ་རིམ་ཚད་ལྡན་དུ་བཏང་ཐོག ཆ་འཕྲིན་གྱི་བདེ་འཇགས་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས་ཆ་འཕྲིན་ཕྱིར་བསྒྲགས་དང་ཁྲིམས་འགལ་གྱིས་བེད་སྤྱོད་པར་སྔོན་འགོག་བྱ་དགོས། དབང་ཆར་གནོད་སྐྱེལ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་གཅོད་བྱེད་པ་དང་ཚོང་ལས་ཀྱི་གསང་བ་དང་མི་སྒེར་གྱི་གསང་བ་སྲུང་སྐྱོབ་བྱས་ནས་ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།

གཉིས། ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་དང་གཅིག་སྒྲིལ་བྱེད་ཤུགས་ཇེ་ཆེར་གཏང་དགོས།

(གསུམ) ཆ་འཕྲིན་མཉམ་སྤྱོད་དྲ་བ་འཐུས་ཚང་དུ་གཏང་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ད་སྔ་ཡོད་པའི་ས་གནས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་དང་ཡིད་རྟོན་ཆ་འཕྲིན་འཚོལ་སྡུད་ལས་སྟེགས། དངུལ་རྩའི་ཕྱོགས་བསྡུས་ཞབས་ཕྱིའི་ལས་སྟེགས་སོགས་ཆ་འཕྲིན་མ་ལག་བེད་སྤྱོད་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ཏུ་ས་གནས་ཀྱི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་གཅིག་གྱུར་འཆར་འགོད་ཀྱིས་འཛུགས་པའམ་འཐུས་ཚང་དུ་གཏང་དགོས་ཤིང། ཆ་རྐྱེན་ལྡན་པའི་གྲོང་ཁྱེར་དང་རྫོང་གིས་དོན་དངོས་དང་ཟུང་དུ་སྦྲེལ་ཏེ་འབྲེལ་ཡོད་ཀྱི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་སྐྲུན་པར་ཡར་སྐུལ་བྱ་དགོས། སྔར་བསྐྲུན་ཟིན་པའི་རྒྱལ་ཡོངས་ཀྱི་ཁེ་ལས་ཆུང་འབྲིང་གི་མ་དངུལ་སྡུད་རྒྱུག་གི་ཕྱོགས་བསྡུས་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས(གཤམ་དུ་རྒྱལ་ཡོངས་ཀྱི་མ་དངུལ་སྡུད་རྒྱུག་ཞབས་ཕྱིའི་ལས་སྟེགས་ཞེས་བསྡུ་རྒྱུ)ལ་བརྟེན་ནས། འཕྲེད་ཕྱོགས་ལ་རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་དང་འབྲེལ་ཡོད་ལས་རིགས་ཁྱབ་ཁོངས་ཀྱི་ཆ་འཕྲིན་མ་ལག་དང་སྦྲེལ་མཐུད་དང། གཞུང་ཕྱོགས་ལ་ས་གནས་རིམ་པ་སོ་སོའི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་དང་སྦྲེལ་མཐུད་བྱས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་དྲ་བ་བསྐྲུན་ནས། རྒྱལ་ཡོངས་གཅིག་གྱུར་གྱི་སྲིད་དོན་ཞབས་ཕྱིའི་ལས་སྟེགས་སོགས་དང་གཞི་གྲངས་མཉམ་སྤྱོད་དང་བརྗེ་རེས་བྱེད་པའི་རྒྱུ་ལམ་ལ་སྦྲེལ་མཐུད་ཡག་པོ་བྱ་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། མི་དམངས་དངུལ་ཁང། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་ཀྱིས་སྣེ་འཁྲིད་པ་དང། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཞི) ཆ་འཕྲིན་མཉམ་སྤྱོད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། ཁྲོམ་རའི་བྱེད་པོ་ཐོ་འགོད་དང་སྲིད་འཛིན་གྱི་ཆོག་འཐུས། སྲིད་འཛིན་གྱི་ཆད་པ། ཁྲིམས་འཛིན་གྱི་ཁྲིམས་ཆད་དང་ལག་བསྟར། དན་ཉམས་ཚབས་ཆེན་གྱི་མིང་ཐོ། མཚན་སྙན་གཟེངས་བསྟོད། སྲིད་ཇུས་ཀྱི་རྒྱབ་སྐྱོར་སོགས་སྤྱི་པའི་ཡིད་རྟོན་ཆ་འཕྲིན་སྔར་ལས་ལྷག་པར་གཅིག་སྒྲིལ་བྱས་ནས། གཞི་གྲངས་ཀྱི་ཡང་དག་པའི་རང་བཞིན་དང་ཆ་ཚང་རང་བཞིན། དུས་ཐོག་ལ་འཁེལ་བའི་རང་བཞིན་བཅས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏང་དགོས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཁེར་གཉེར་བཟོ་ཚོང་བའི་མ་དངུལ་སྡུད་རྒྱུག་གི་ལས་སྒོའི་དགོས་མཁོ་ཕྱོགས་སྟོན་དུ་བཟུང་སྟེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆ་འཕྲིན་ཉེན་མེད་བདེ་འཇགས་ཡོང་བར་ཁག་ཐེག་བྱས་པའི་སྔོན་འགྲོའི་འོག་ཏུ། དཔྱ་ཁྲལ་འཇལ་བ་དང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་འཇལ་སྤྲོད། ཕྱིར་གཏོང་ནང་འདྲེན། ཆུ་གློག་རླངས་གསུམ། གཏན་འཇགས་རྒྱུ་ནོར། ཤེས་རིག་བདག་དབང། ཚན་རྩལ་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ཆ་འཕྲིན་རིམ་བཞིན་མཉམ་སྤྱོད་ཀྱི་ཁྱབ་ཁོངས་སུ་བཅུག་ནས“གཞི་གྲངས་བཀག་རྒྱ”དང“ཆ་འཕྲིན་ཁེར་ཆགས་གླིང་ཕྲན”མེད་པར་བཟོ་དགོས། ཁེ་ལས་ཀྱིས“རང་མོས་ངང་རེའུ་མིག་སྐོང་སྤྲོད+ཡིད་རྟོན་ཁས་ལེན་དམ་བཅའ”སོགས་བྱེད་ཐབས་སྤྱད་དེ་རང་ཉིད་ཀྱི་ཆ་འཕྲིན་ཁ་གསབ་དང་འཐུས་ཚང་དུ་བཏང་ཐོག ཆ་འཕྲིན་མཉམ་སྤྱོད་ཀྱི་ཐབས་ལམ་གེགས་མེད་དུ་བཟོ་བར་ཡར་སྐུལ་བྱ་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་མི་དམངས་དངུལ་ཁང། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་ཀྱིས་སྣེ་འཁྲིད་པ་དང། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ་དང། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། ཞིང་ལས་ཞིང་སྡེ་པུའུ། རྒྱལ་མཚམས་འགག་སྒོ་སྤྱི་ཁྱབ་ཧྲུའུ། ཁྲལ་དོན་སྤྱི་ཁྱབ་ཅུས། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་པར་དབང་ཅུས། རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་སོགས་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་དང། ས་ཁུལ་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(ལྔ) ཆ་འཕྲིན་མཉམ་སྤྱོད་བྱེད་སྟངས་ཇེ་ལེགས་སུ་གཏང་དགོས། བྱ་བའི་དོན་དངོས་གཞིར་བཟུང་སྟེ་དངོས་ལུགས་ལྟར་གཅིག་བསྡུས་དང་མ་ལག་གི་མཐུད་ཁུང་འཐེན་སྤྱོད་དང་གཞི་གྲངས་ལ་ཞིབ་དཔྱད་ར་སྤྲོད་སོགས་བྱེད་ཐབས་སྣ་མང་སྟབས་བསྟུན་གྱིས་སྤྱད་དེ་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་བྱ་དགོས། རྒྱལ་ཡོངས་སུ་གཅིག་གྱུར་གྱིས་དོ་དམ་བྱས་ཟིན་པའི་ཆ་འཕྲིན་དེ་རྩ་དོན་ཐོག་རྒྱལ་ཁབ་རིམ་པའི་ངོས་ནས་མཉམ་སྤྱོད་བྱེད་པ་དང། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་དང་མཉམ་སྤྱོད་བྱེད་པའི་འགན་འཁུར་དགོས་ཤིང། “སྤྱི་དང་སྤྱི་”སྦྲེལ་མཐུད་མ་བྱས་སྔོན་ལ་དགོས་མཁོ་དངོས་ལ་གཞིགས་ནས་ས་གནས་རིམ་པའི་ངོས་ནས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས། ཆ་འཕྲིན་གཞན་དག་ས་གནས་རིམ་པ་ནས་མཉམ་སྤྱོད་བྱ་དགོས་ལ། ས་གནས་མི་དམངས་སྲིད་གཞུང་གིས་གཅིག་བསྡུས་གཅིག་སྒྲིལ་བྱེད་པའི་འགན་འཁུར་བ་དང། བྱེད་ཐབས་འོས་འཚམ་སྤྱད་དེ་ས་གནས་ཀྱི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་དང་མཉམ་སྤྱོད་བྱ་དགོས། ད་སྔ་ཡོད་པའི་ཆ་འཕྲིན་མཉམ་སྤྱོད་རྐྱེན་སྲོལ་དང་ཐབས་ལམ་བེད་སྤྱོད་གང་ལེགས་བྱས་ཏེ། མཉམ་སྤྱོད་བྱས་ཟིན་པའི་ཆ་འཕྲིན་དག་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་ལ་བསྐྱར་ཟློས་ཀྱིས་འདོན་སྤྲོད་བྱེད་དུ་འཇུག་མི་དགོས། རྒྱལ་ཡོངས་ཀྱི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གྱི་བྱ་བའི་དགོས་མཁོར་གཞིགས་ཏེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གཅིག་བསྡུས་བྱས་པའི་ཡིད་རྟོན་ཆ་འཕྲིན་དུས་མཉམ་དུ་མཉམ་སྤྱོད་བྱེད་པ་དང། ཆ་འཕྲིན་བེད་སྤྱོད་དང་དོ་དམ་གཉིས་ཕན་ནུས་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་ཤུགས་ཇེ་ཆེར་གཏང་དགོས། འབྲེལ་ཡོད་ཀྱི་བྱ་བའི་རྐྱེན་སྲོལ་བཙུགས་ནས་དགོས་མཁོ་ཡོད་པའི་དངུལ་ཁང་དང་འགན་བཅོལ། འགན་ལེན། ཡིད་རྟོན་ཞབས་ཕྱི་སོགས་ཀྱི་ལས་ཁུངས(གཤམ་དུ་སྤྱི་མིང་ལ་སྦྲེལ་འཇུག་ལས་ཁུངས་ཞེས་འབོད་རྒྱུ)དག་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་སུ་སྦྲེལ་འཇུག་བྱེད་པར་རྒྱབ་སྐྱོར་བྱ་དགོས། (ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(དྲུག) ཡིད་རྟོན་ཆ་འཕྲིན་གྱི་ཞབས་ཕྱི་ལེགས་སྒྱུར་བྱ་དགོས། རིམ་པ་སོ་སོའི་མ་རྩ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་ཀྱིས་སྤྱི་ཕན་རང་བཞིན་གྱི་རྩ་དོན་ལྟར། སྦྲེལ་འཇུག་ལས་ཁུངས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྨང་གཞིའི་ཆ་འཕྲིན་གྱི་ཞབས་ཕྱི་འདོན་སྤྲོད་བྱ་དགོས་པར་མ་ཟད། འབྲེལ་ཡོད་ཆ་འཕྲིན་བེད་སྤྱད་པའི་གནས་ཚུལ་དེ་གཞི་གྲངས་འདོན་སྤྲོད་བྱེད་མཁན་སྡེ་ཚན་ལ་དུས་ཐོག་ཏུ་ཕྱིར་ལྡོག་བྱ་དགོས། ཁྲིམས་ལྟར་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་དག་ཚད་ལྡན་ཅན་གྱི་ཡིད་རྟོན་ཆ་འཕྲིན་སྙན་ཞུ་རུ་གཅིག་སྒྲིལ་བྱས་ཏེ་སྦྲེལ་འཇུག་ལས་ཁུངས་ཀྱིས་འདྲི་རྩད་བྱེད་པར་འདོན་སྤྲོད་བྱ་དགོས་ཤིང། ཆ་རྐྱེན་ལྡན་པའི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་ཀྱིས་སྦྲེལ་འཇུག་ལས་ཁུངས་ཀྱི་དགོས་མཁོ་ལྟར་ས་ཁོངས་དང་ལས་རིགས་སོགས་རྩ་ཚད་ལྟར་འབྲེལ་ཡོད་ཆ་འཕྲིན་འབོར་ཆེན་འོས་སྦྱོར་བྱ་དགོས། ཚོང་ལས་ཀྱི་གསང་བ་དང་འབྲེལ་བ་ཡོད་པ་སོགས་ཀྱི་དབང་གིས་ཡོངས་བསྒྲགས་བྱེད་མི་འོས་པའི་ཆ་འཕྲིན་དེ་ཆ་འཕྲིན་བྱེད་པོའི་དབང་ཆ་མ་བསྩལ་ན། སྦྲེལ་འཇུག་ལས་ཁུངས་ལ་ཐོག་མའི་གཞི་གྲངས་ཞིབ་གསལ་འདོན་སྤྲོད་བྱེད་མི་རུང་ལ། གཞི་གྲངས་འདོན་སྤྲོད་བྱེད་མཁན་སྡེ་ཚན་དང་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་ཀྱིས་མཉམ་འབྲེལ་གྱིས་མ་དཔེ་སྐྲུན་པ་སོགས་བྱེད་སྟངས་སྤྱད་དེ་སྦྲེལ་འཇུག་ལས་ཁུངས་ཀྱིས་བེད་སྤྱོད་པར་འདོན་སྤྲོད་བྱེད་པ་དང། ཡང་ན་ཆ་འཕྲིན་བྱེད་པོའི་དབང་ཆ་བསྩལ་རྗེས་གཞི་གྲངས་འདྲི་རྩད་དང་ཞིབ་དཔྱད་ར་སྤྲོད་སོགས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱས་ཏེ། གཞི་གྲངས“བེད་སྤྱོད་ཆོག་ཀྱང་མཐོང་མི་ཐུབ་པ”མངོན་འགྱུར་བྱ་དགོས། ལྟ་སྐུལ་དོ་དམ་ལ་དངོས་གནས་ཤུགས་བསྣན་པའི་རྨང་གཞིའི་ཐོག་ཏུ་ཁེ་ལས་ཀྱི་ཡིད་རྟོན་འཚོལ་སྡུད་ལས་ཁུངས་འོས་མཐུན་གྱིས་ནང་འདྲེན་བྱས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་སྟེགས་འཛུགས་སྐྱོང་དང་གཉེར་སྐྱོང་ཁྲོད་ཞུགས་སུ་འཇུག་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། མི་དམངས་དངུལ་ཁང། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་དང་ས་ཁུལ་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

གསུམ། ཡིད་རྟོན་ཆ་འཕྲིན་གསར་སྤེལ་དང་བེད་སྤྱོད་ཟབ་མོ་བྱ་དགོས།

(བདུན) ཡིད་རྟོན་གདེང་འཇོག་མ་ལག་འཐུས་ཚང་དུ་གཏང་དགོས། རིམ་པ་སོ་སོའི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་ཀྱིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་ཡིད་རྟོན་གདེང་འཇོག་དམིགས་ཚད་མ་ལག་འཐུས་ཚང་དུ་འཛུགས་པ་དང། ཁེ་ལས་འབྲིང་ཆུང་ཕྲན་གསུམ་ཡོངས་ལ་ཁྱབ་པའི་ཡིད་རྟོན་གདེང་འཇོག་བྱས་ནས་དངུལ་ཁང་སོགས་སྦྲེལ་འཇུག་ལས་ཁུངས་ཀྱིས་ཟུར་ལྟ་བྱས་ཏེ་བེད་སྤྱོད་པར་འདོན་སྤྲོད་བྱ་དགོས། སྦྲེལ་འཇུག་ལས་ཁུངས་ཀྱིས་རང་གི་ལས་སྒོའི་ཁྱད་ཆོས་དང་ཁྲོམ་རའི་གནས་འཁེལ་གཞིར་བཟུང་སྟེ་ཕྱི་ནང་གི་ཆ་འཕྲིན་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས། ཡིད་རྟོན་གདེང་འཇོག་གི་མ་དཔེ་འཐུས་ཚང་དུ་གཏོང་བ་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི“དཔེ་རིས” གནད་ལ་འཁེལ་བ་ཞིག་འབྲི་བར་ཡར་སྐུལ་བྱ་དགོས། སྦྲེལ་འཇུག་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་ཆ་འཕྲིན་དག་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་དང་འབྲེལ་ཡོད་སྡེ་ཁག་ལ་སྒོ་འབྱེད་མཉམ་སྤྱོད་བྱེད་པར་ཡར་སྐུལ་བྱ་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། མི་དམངས་དངུལ་ཁང། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་དང་ས་ཁུལ་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བརྒྱད) ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཐག་གཅོད་བྱེད་ཤུགས་ཇེ་ཆེར་གཏང་དགོས། རིམ་པ་སོ་སོའི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་ཀྱིས་དངུལ་བུན་བསྐྱིས་པའི་ཁེ་ལས་ཀྱི་ཡིད་རྟོན་གནས་ཚུལ་ལ་འགུལ་རྣམ་ལྟར་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་ཆེར་བཏང་ནས། མི་མངོན་པའི་ཉེན་ཁར་དབྱེ་ཞིབ་དང་བརྡར་གཅོད་བྱེད་པར་མ་ཟད་འབྲེལ་ཡོད་ལས་ཁུངས་ལ་ཟུར་ལྟ་བྱ་གཞིར་དུས་ཐོག་ཏུ་འོས་སྦྱོར་བྱ་དགོས། མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་སོགས་ལ་བརྟེན་ནས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་དངུལ་བུན་སྐྱི་བར“དྲ་ཐོག་ཏུ་གཞུང་དཔང”དང། “དྲ་ཐོག་ཏུ་ཁྲུན་གཅོད”བྱེད་པའི་རྐྱེན་སྲོལ་དང་མ་དངུལ་སྡུད་རྒྱུག་གི་སྦྲེལ་དྲའི་ཁྲིམས་ར་འཚོལ་ཞིབ་སྒོས་བཙུགས་ཏེ་དངུལ་རྩའི་སྐོར་གྱི་རྩོད་གཞི་ཕན་ནུས་མཐོན་པོའི་སྒོ་ནས་ཐག་གཅོད་བྱ་དགོས། ཁྲིམས་ལྟར་ངོས་འཛིན་བྱས་པའི་བུ་ལོན་འཇལ་འགན་གཡོལ་ཐབས་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱ་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། ཆེས་མཐོའི་མི་དམངས་ཁྲིམས་ཁང། ཁྲིམས་འཛིན་པུའུ། མི་དམངས་དངུལ་ཁང། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་དང། ས་ཁུལ་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

བཞི། ཆ་འཕྲིན་བྱེད་པོའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས།

(དགུ) ཆ་འཕྲིན་དོ་དམ་དང་བེད་སྤྱོད་ཚུལ་ཚད་ལྡན་དུ་གཏང་དགོས། གཞི་གྲངས་འདོན་སྤྲོད་བྱེད་མཁན་སྡེ་ཚན་སོ་སོས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་ཡིག་ཆའི་བླང་བྱ་བཅས་གཞིར་བཟུང་སྟེ་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་དང་གསལ་བསྒྲགས་ཀྱི་ངོ་བོ་དང་ཁྱབ་ཁོངས་ངེས་གསལ་བྱ་དགོས། རིམ་པ་སོ་སོའི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་ཀྱིས་ཆ་འཕྲིན་ལ་རིགས་དང་རིམ་པ་བཀར་ནས་དོ་དམ་དང་བེད་སྤྱོད་བྱེད་པའི་ལམ་ལུགས་གཟུག་དགོས། ཆ་འཕྲིན་བྱེད་པོར་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་ཐོག་གི་ཆ་འཕྲིན་ཚང་མར་རིན་པ་མེད་པར་འདྲི་རྩད་བྱེད་དབང་ཡོད་པར་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་བསམ་འཆར་མི་མཐུན་པའི་གནས་ལུགས་ཞུ་འབུལ་དང་ཡིད་རྟོན་སླར་གསོའི་རེ་བ་ཞུ་དབང་ཡོད། ཚོར་གཅོག་ཐག་གཅོད་མ་བྱས་པའམ་ཆ་འཕྲིན་བྱེད་པོས་དབང་ཆ་སྤྲོད་ཤ་སྟག་མ་བྱས་པར་ཚོང་ལས་ཀྱི་གསང་བའམ་མི་སྒེར་གྱི་གསང་བ་དང་འབྲེལ་བའི་ཆ་འཕྲིན་ཕྱི་རུ་འདོན་སྤྲོད་བྱེད་མི་རུང། (ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ) ཆ་འཕྲིན་གྱི་བདེ་འཇགས་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏང་དགོས། རིམ་པ་སོ་སོའི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་ཀྱིས་འཐུས་སྒོ་ཚང་བའི་ཆ་འཕྲིན་བདེ་འཇགས་དོ་དམ་ལམ་ལུགས་གཟུག་དགོས་ལ། ཆ་འཕྲིན་བདེ་འཇགས་ཀྱི་ལག་རྩལ་འགན་སྲུང་ལ་ཤུགས་སྣོན་པ་དང་སྦྲེལ་འཇུག་ལས་ཁུངས་ལ་ཆ་འཕྲིན་བདེ་འཇགས་ཐད་ནས་དཔྱད་དཔོག་བྱས་ཏེ། ཆ་འཕྲིན་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ། ཐག་གཅོད་བཅས་བྱེད་ནུས་པ་ཇེ་ཆེར་གཏང་དགོས། སྦྲེལ་འཇུག་ལས་ཁུངས་ཀྱིས་ནང་ཁུལ་གྱི་ཆ་འཕྲིན་བདེ་འཇགས་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་ཀྱི་ཆ་འཕྲིན་དོ་དམ་བྱེད་པའི་སྐོར་གྱི་བླང་བྱར་བརྩི་སྲུང་ནན་མོ་བྱ་དགོས་ཤིང། བསྡུ་ལེན་བྱས་པའི་ཆ་འཕྲིན་དག་ཁེ་ལས་ཀྱིས་མ་དངུལ་སྡུད་རྒྱུག་ལ་རྒྱབ་སྐྱོར་བྱེད་པ་ལས་གཞན་པའི་བྱེད་སྒོའི་ཐད་ལ་སྤྱོད་མི་རུང། ཁྲིམས་འགལ་གྱིས་ཆ་འཕྲིན་བསྡུ་ལེན་དང་ཁྱབ་སྤེལ། ཕྱིར་བསྒྲགས། ཕྱིར་འཚོང་སོགས་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་གཅོད་ནན་མོ་བྱ་དགོས། (ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

ལྔ། འགན་སྲུང་བྱེད་ཐབས།

(བཅུ་གཅིག) རྩ་འཛུགས་དང་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། མི་དམངས་དངུལ་ཁང། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་མཉམ་དུ་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་སྡུད་རྒྱུག་གི་བྱ་བར་སྐུལ་འདེད་གཏོང་བའི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཏེ། རྒྱལ་ཁབ་ཀྱི་སྲིད་དོན་གཞི་གྲངས་མཉམ་སྤྱོད་ཀྱི་མཐུན་སྦྱོར་རྐྱེན་སྲོལ་དང་སྦྲེལ་མཐུད་ལེགས་པོ་བྱ་དགོས་ལ། བྱ་བའི་ཆེད་གཉེར་ཚན་སྐོར་བཙུགས་ནས་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བའི་འགན་འཁུར་བ་དང་བྱ་བའི་གྲུབ་འབྲས་བརྡ་ཁྱབ་གཏང་དགོས། མི་དམངས་དངུལ་ཁང་དང་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་དངུལ་རྩའི་ལས་ཁུངས་དང་དངུལ་རྩའི་ལས་སྒོར་ལྟ་སྐུལ་དང་དོ་དམ་བྱ་དགོས། འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོས་ཁྱབ་ཁོངས་དེ་གའི་འབྲེལ་ཡོད་ཆ་འཕྲིན་མ་ལག་དང་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་ཕན་ཚུན་གང་མགྱོགས་ཀྱིས་སྦྲེལ་མཐུད་བྱས་ནས་ཡིད་རྟོན་ཆ་འཕྲིན་ཉེར་སྤྱོད་ཞབས་ཕྱིར་སྐུལ་འདེད་གཏང་དགོས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བྱ་བ་སྒྲུབ་ཤུགས་ཇེ་ཆེར་བཏང་ནས། ལག་བསྟར་ཇུས་གཞི་འདིའི་བླང་བྱ་ལྟར་ས་གནས་ཀྱི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་གཅིག་གྱུར་འཆར་འགོད་ཀྱིས་འཛུགས་པའམ་འཐུས་ཚང་དུ་བཏང་ནས། སྲིད་འཛིན་ས་ཁོངས་དེ་གའི་ནང་ཁུལ་གྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ཀྱི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། མི་དམངས་དངུལ་ཁང། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་ཀྱིས་སྣེ་འཁྲིད་པ་དང། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང། ཁྲིམས་འཛིན་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། ཞིང་ལས་ཞིང་སྡེ་པུའུ། རྒྱལ་མཚམས་འགག་སྒོ་སྤྱི་ཁྱབ་ཧྲུའུ། ཁྲལ་དོན་སྤྱི་ཁྱབ་ཅུས། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་པར་དབང་ཅུས། རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་སོགས་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོ་དང་ས་ཁུལ་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ་གཉིས) སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། ས་གནས་མི་དམངས་སྲིད་གཞུང་གིས་ས་གནས་ཀྱི་མ་དངུལ་སྡུད་རྒྱུག་གི་ཡིད་རྟོན་ཞབས་ཕྱིའི་ལས་སྟེགས་སྐྲུན་པར་ལུགས་མཐུན་གྱིས་འགན་སྲུང་བྱ་དགོས། ཆ་རྐྱེན་ལྡན་པའི་ས་གནས་ཀྱིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་ཡིད་རྟོན་དངུལ་བུན་ཁྲོམ་ར་ཅན་དུ་སྒྱུར་བའི་ཉེན་ཁ་བགོས་འཁུར་དང་གསབ་དངུལ་སྟེར་བའི་རྐྱེན་སྲོལ་བཙུགས་ཏེ། ཡིད་རྟོན་གྱི་ཉེན་ཁ་ལུགས་མཐུན་གྱིས་བགོས་འཁུར་བྱེད་པར་ཡར་སྐུལ་བྱ་དགོས། ཆ་རྐྱེན་ལྡན་པའི་ས་གནས་ཀྱིས་ཐོན་ལས་སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་མཐུན་ཞིང། ཡིད་རྟོན་གནས་ཚུལ་ལེགས་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་དངུལ་བུན་གྱི་སྐྱེད་ཀ་གསབ་པར་ཡར་སྐུལ་བྱ་དགོས་ཤིང། ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་གོ་ཆོད་པའི་འགན་ལེན་འདོན་སྤྲོད་བྱས་པའི་སྲིད་གཞུང་རང་བཞིན་གྱི་མ་དངུལ་སྡུད་རྒྱུག་འགན་ལེན་ལས་ཁུངས་ལ་གསབ་དངུལ་སྤྲད་དགོས། རྒྱལ་ཁབ་ཀྱི་མ་དངུལ་སྡུད་རྒྱུག་འགན་ལེན་ཐེབས་རྩའི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་མ་དངུལ་སྡུད་རྒྱུག་འགན་ལེན་ལས་ཁུངས་ཀྱི་ཡིད་རྟོན་འཕར་བའི་ནུས་ཤུགས་ཇེ་ཆེར་གཏོང་བ་དང། སྲིད་གཞུང་རང་བཞིན་གྱི་མ་དངུལ་སྡུད་རྒྱུག་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱ་དགོས། (ནོར་སྲིད་པུའུ་དང་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན། ས་ཁུལ་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ་གསུམ) དྲིལ་སྒྲོག་བྱས་ནས་ཁྲིད་སྟོན་ལེགས་པོ་བྱ་དགོས། ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་སྡུད་རྒྱུག་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ས་ཁུལ་དང་དཔེ་སྟོན་དངུལ་ཁང། དཔེ་སྟོན་ལས་སྟེགས་ཁག་ཅིག་བསྐྲུན་ཏེ་དྲང་ཕྱོགས་ནས་ཁྲིད་སྟོན་བྱེད་ཤུགས་ཇེ་ཆེར་བཏང་ཐོག ཉམས་མྱོང་སྔོན་ཐོན་ཅན་ཁྱབ་གདལ་དུ་གཏང་དགོས། དངུལ་ཁང་དང་འགན་བཅོལ། འགན་བགོས་འཁུར། ཡིད་རྟོན་ཞབས་ཕྱི་སོགས་ལས་ཁུངས་རྒྱ་ཆེར་ཐེ་ཞུགས་བྱེད་པར་རྩ་འཛུགས་དང་སྐུལ་སློང་བྱས་ཏེ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་མ་དངུལ་སྡུད་རྒྱུག་གི་ཞབས་ཕྱི་འདོན་སྤྲོད་བྱེད་པར་ཤུགས་བསྣན་ནས་དེ་དག་གི་ཐོབ་སྣང་རྒྱུན་མ་ཆད་པར་ཇེ་ཆེར་གཏང་དགོས། སྡེ་ཁག་དང་ས་གནས། ལས་རིགས་རྩ་འཛུགས། གསར་འགྱུར་སྨྱན་བྱད་སོགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་འཚོག་པ་དང་སྨྱན་བྱད་གསར་བའི་ཐོན་རྫས་ཕབ་བཟོ་སོགས་བྱེད་ཐབས་སྣ་མང་སྤྱད་དེ་ཁྱོན་ཡོངས་ནས་སྲིད་ཇུས་ཡང་དག་པར་སྒྲོག་འགྲེལ་བྱེད་པ་དང། བྱ་བའི་གྲུབ་འབྲས་དང་དཔེ་མཚོན་དཔེ་གཞི། གསར་གཏོད་ལྡན་པའི་བྱེད་ཐབས་བཅས་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ནས་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། མི་དམངས་དངུལ་ཁང། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་ཀྱིས་སྣེ་འཁྲིད་པ་དང། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)