མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་གྲོས་མོལ་གྱི་ཆེད་དོན་རྟོག་ཞིབ་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ཁུལ་བསྐྲུན་ནས་རབ་མཛེས་མཚོ་སྔོན་གྱི་ཟོང་རྟགས་གྲགས་ཅན་གྱི་རིན་ཐང་དང་དགེ་མཚན་ཇེ་ཆེར་གཏོང་བའི་ཟླ་གཉིས་གྲོས་མོལ་གྱི་ཆེད་དོན་རྟོག་ཞིབ་དང་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་མ་ལག་མགྱོགས་མྱུར་གྱིས་བསྐྲུན་པའི་རིམ་པ་བཞིའི་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ལྟ་ཞིབ་ལྟ་སྐུལ་གྱི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལིས་དང་མཱ་ཧྥིན་ཧྲིན་གཉིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཀྲང་ལིས་ཀྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ཁུལ་བསྐྲུན་ནས་རབ་མཛེས་མཚོ་སྔོན་གྱི་ཟོང་རྟགས་གྲགས་ཅན་གྱི་རིན་ཐང་དང་དགེ་མཚན་ཇེ་ཆེར་གཏོང་བར་དམིགས་ནས་ཟླ་གཉིས་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་བསྐྲུན་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་དམིགས་འབེན་ཁུལ་བསྐྲུན་པའི་ཐད་ཀྱི་མངག་བཅོལ་ཟབ་མོ་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོར་ཞབས་འདེགས་ཞུ་བའི་བྱེ་བྲག་གི་འགུལ་སྐྱོད་ཅིག་ཡིན། ཟླ་གཉིས་གྲོས་མོལ་གྱི་བརྗོད་གཞི་གཏན་འཁེལ་བྱེད་པའི་དོན་སྙིང་དང་དམིགས་འབེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ཉམས་མྱོང་དང་བྱེད་ཐབས། ཁྱད་ཆོས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ། ཧུར་ཐག་གིས་བསམ་གཞིགས་གཏོང་བ། ལྟ་བ་མངོན་གསལ་ཡིན་ཞིང་མཛུབ་སྟོན་རང་བཞིན་དང་བཀོད་སྤྱོད་རང་བཞིན་དྲག་པོ་ལྡན་པའི་བསམ་འཆར་དང་གྲོས་གཞི་བཏོན་ཏེ་ཟླ་གཉིས་གྲོས་མོལ་བཞུགས་མོལ་ཚོགས་འདུ་བཟང་བོར་བསྡུ་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

མཱ་ཧྥིན་ཧྲིན་གྱིས་བསྟན་དོན། ཐེངས་འདིའི་རྟོག་ཞིབ་བྱ་བར་ཚན་མཐོའི་མཐོང་ཆེན་བྱེད་པ་དང་། མང་ཚོགས་དང་གཞི་རིམ་དུ་བཅར་ནས་རྟོག་ཞིབ་བྱེད་པ། ཐོབ་པའི་རྒྱུ་ཆར་དབྱེ་ཞིབ་ཞིབ་འཇུག་ནན་མོ་བྱས་ཏེ་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་འདོན་དགོས། རིམ་པ་སོ་སོའི་སྡེ་ཁག་གིས་ཆབ་སྲིད་ལངས་གནས་མཐོན་པོས་ཕན་ཚུན་བར་གྱི་མཐུན་སྦྱོར་མཉམ་སྒུལ་དང་ཆ་འཕིན་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་བསམ་ཕྱོགས་བཟང་བོ་དང་བྱེད་ཐབས་བཟང་བོ། ཐབས་ཇུས་བཟང་བོ་འཚོལ་ཞིབ་བྱ་དགོས། རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་གྱིས་བརྗེ་རེས་འབྲེལ་འདྲིས་མང་པོ་བྱས་ཏེ་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ཁུལ་བསྐྲུན་པར་བློ་འདོན་ཇུས་འབུལ་བྱ་དགོས་ཟེར།

གཡང་སྐྱིད་ཀྱིས་བསྒྱུར།