ཅིའི་ཕྱིར་མི་རིགས་རེ་རེའི་ལས་དབང་ནི་མེས་རྒྱལ་གྱི་ལས་དབང་དང་དམ་པོར་འབྲེལ་ཡོད་ཟེར་བ་ཡིན།

ང་ཚོའི་རླབས་ཆེ་བའི་མེས་རྒྱལ་ནི་སྤུན་ཟླ་མི་རིགས་56ལས་གྲུབ་པའི་ལས་དབང་གཅིག་འབྲེལ་གྱི་ཚོགས་པ་ཞིག་ཡིན། ལོ་རྒྱུས་ཐོག་ནས་བལྟས་ན། རང་རྒྱལ་གྱི་མི་རིགས་ཁག་གི་གྲུབ་ཚུལ་དང་འཕེལ་རྒྱས་འགྲོ་བའི་གནས་ཚུལ་མི་འདྲ་མོད། འོན་ཀྱང་སྤྱིའི་ཁ་ཕྱོགས་ནི་གཅིག་གྱུར་གྱི་ཀྲུང་ཧྭ་མི་རིགས་སུ་འདུ་བ་དང་། ཚང་མ་མི་རིགས་མང་བོ་གཅིག་གྱུར་བྱས་པའི་རྒྱལ་ཁབ་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེ་ཡང་ཏག་ཏག་རྒྱལ་ཁབ་ཉིད་ཡུན་རིང་གཅིག་གྱུར་བྱུང་བ་དང་། དེ་བཞིན་མི་རིགས་ཁག་དུས་ཡུན་རིང་པོའི་ཁྲོད་ཕན་ཚུན་འགྲོ་འོང་བྱས་པ་ལས་དཔལ་འབྱོར་དང་རིག་གནས་བཅས་ཀྱི་འབྲེལ་བ་གཏིང་ཟབ་ཆགས། ལྷག་པར་དུ་ཉེ་རབས་ནས་བཟུང་མི་རིགས་ཁག་གིས་ཕྱིའི་བཙན་འཛུལ་གྱི་འཐབ་རྩོད་ནང་སྐྱིད་སྡུག་མཉམ་ཁུར་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་བཅས་བྱས་ནས་རང་རྒྱལ་གྱི་མི་རིགས་ཁག་གི་ལས་དབང་དེ་མེས་རྒྱལ་གྱི་ལས་དབང་དང་གཞི་གཅིག་ཏུ་སྦྲེལ་བ་རེད།

རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་གོང་དུ་འཕེལ་བའི་ཁ་ཕྱོགས་གཙོ་བོ་ཡིན། ཆིང་དང་ཧན་གྱིས་རང་རྒྱལ་གཅིག་གྱུར་ཆེན་པོའི་གནས་བབ་བསྐྲུན་པ་ནས་བཟུང་། གཅིག་གྱུར་ནི་ཀྲུང་ཧྭའི་རིག་གནས་ཀྱི་ལྟེ་བའི་རིན་ཐང་དུ་གྱུར་ཡོད། རྒྱལ་རབས་རིམ་བྱུང་གི་དབང་སྒྱུར་མཁན་རྒྱ་རིགས་དང་གྲངས་ཉུང་མི་རིགས་གང་ཡིན་རུང་ཚང་མ་ཀྲུང་གོའི་མངའ་ཁོངས་ཀྱི་མི་རིགས་ཡིན་པར་ཁས་ལེན་ཞིང་། ཚང་མས་ཀྲུང་གོ་གཅིག་གྱུར་བྱ་རྒྱུ་དེ་རང་གི་འགན་འཁྲི་དང་རང་ཉིད་ཀྱིས་བཙུགས་པའི་རྒྱལ་རབས་ཀྲུང་ཧྭ་མི་རིགས་ཀྱི་དངོས་རྒྱུད་དུ་བརྩི། དེའི་ཕྱིར་འཐབ་འཛིང་བྱེད་པ་ནི་གཅིག་གྱུར་གྱི་ཆེད་དུ་ཡིན་ལ། གཅིག་གྱུར་བྱུང་རྗེས་གཅིག་གྱུར་སྲུང་སྐྱོང་ལ་ཤུགས་བརྒྱབ་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་པ་དེས་ཀྲུང་ཧྭ་མི་རིགས་ལ་ལོ་ངོ་བརྒྱ་ཕྲག་རིང་ཤོར་བའི་རང་བཙན་དང་། རང་དབང་། ལ་རྒྱ་བཅས་སླར་ཡང་ཐོབ་པ་མ་ཟད་། ལྷག་པར་དུ་མི་རིགས་ཁག་འདྲ་མཉམ་མཉམ་ལས་དང་། དར་རྒྱས་གོང་འཕེལ་ཡོང་བའི་དུས་རབས་གསར་པའི་འགོ་བརྩམས་པ་རེད། “ཧ་ཅང་ཆེ་བའི་ཁྱིམ་ཚང” འདི་འདྲ་ཞིག་བྱུང་བས། ད་གཟོད་ཤ་རུས་གཅིག་པའི་སྤུན་ཟླ་དུང་ཕྱུར་13གྱིས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པ་བྱུང་ལ། “ཧ་ཅང་ཆེ་བའི་ཁྱིམ་ཚང” འདི་འདྲ་བྱུང་བས་ད་གཟོད་མི་རིགས་56ཚང་མས་སོ་སོའི་སྐྱིད་ལ་ལོངས་སྤྱད་ཅིང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་བ་རེད། ད་ལྟ་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་གྱི་པང་དུ་སྔར་ལས་ལྷག་པའི་མཛེས་སྡུག་གི་འཚོ་བ་གསར་པ་ཞིག་གསར་དུ་བསྐྲུན་བཞིན་པ་དང་། ཀྲུང་ཧྭ་མི་རིགས་འདི་མེས་རྒྱལ་གྱི་དར་རྒྱས་གོང་འཕེལ་ཁྲོད་ཡུན་དུ་རེ་ཞིང་སྒུག་པའི་རླབས་ཆེན་བསྐྱར་དར་དངོས་སུ་མངོན་འགྱུར་བྱུང་། ལོ་རྒྱུས་དང་དོན་དངོས་ཀྱིས་ཡང་དང་བསྐྱར་དུ་གནས་ལུགས་འདི་འདྲ་ཞིག་ར་སྤྲོད་བྱས་ཡོད་དེ། མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཡིན་པ་དང་། མེས་རྒྱལ་ཁ་ཕྲལ་དང་། མི་རིགས་ཁ་འཐོར་ནི་མི་རིགས་ཁག་གི་ཆག་སྒོ་ཡིན་པ་དེ་རེད། རྒྱལ་ཁབ་གཅིག་གྱུར་ནི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་ཐུག་ཡོད་ཅིང་། མི་རིགས་རེ་རེའི་འཚོ་གནས་གོང་འཕེལ་དང་། དར་རྒྱས་ཡར་ཡོང་ཐུབ་མིན་དེ་ཐོག་མར་རྒྱལ་ཁབ་ཀྱི་ལས་དབང་དང་། རྒྱལ་ཁབ་ཀྱི་རང་བཙན། སྟོབས་འབྱོར་བཅས་ལ་རག་ལས་ཡོད།

མི་རིགས་ཚང་མ་ནི་མེས་རྒྱལ་ཁྱིམ་གཞི་ཆེན་མོའི་ནང་མེད་དུ་མི་རུང་བའི་ཁོངས་མི་གལ་ཆེན་ཞིག་ཡིན་ལ། མི་རིགས་རེ་རེའི་འཚོ་སྡོད་བྱེད་སའི་ས་ཁོངས་ཚང་མ་མེས་རྒྱལ་མངའ་ཁོངས་ལས་ཁ་འབྲལ་དུ་མེད་པའི་གྲུབ་ཆ་ཞིག་ཡིན་པ་མ་ཟད། མི་རིགས་རེ་རེ་ཡི་རིག་གནས་ཚང་མ་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ད་ལྟའི་དུས་འདིར་ང་ཚོའི་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོ་འདིའི་ནང་། གྲངས་ཉུང་མི་རིགས་55ལ་མི་གྲངས་དུང་ཕྱུར1ཡོད་པ་དང་། རྒྱལ་ཡོངས་མི་གྲངས་ཀྱི8%ཡན་ཟིན། མི་རིགས་རང་སྐྱོང་ས་ཁུལ་གྱིས་རྒྱལ་ཁོངས་སྤྱིའི་ས་ཁྱོན་གྱི་64%གཡས་གཡོན་ཟིན་པ་དང་། མི་རིགས་ཁག་གི་དཀའ་སྤྱད་ལས་སྐྲུན་མེད་ན། ཀྲུང་ཧྭ་མི་རིགས་ཀྱི་དར་རྒྱས་སྟོབས་འབྱོར་མེད་ལ། མི་རིགས་ཁག་གི་རིག་གནས་དར་རྒྱས་གོང་འཕེལ་མ་བྱུང་ན། ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་མེད། མི་རིགས་ཁག་གི་འཆམ་མཐུན་བརྟན་བརླིང་མེད་ན། སྤྱི་ཚོགས་ཡོངས་ཀྱི་འཆམ་མཐུན་བརྟན་བརླིང་མེད། རླབས་ཆེན་མེས་རྒྱལ་མདུན་དུ་བསྐྱོད་པའི་གོམ་པ་རེ་རེར་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་དང་། ཐུན་མོང་ཐོག་དར་རྒྱས་གོང་སྤེལ་གྱི་འགྱུར་མེད་ཞབས་རྗེས་བཀོད་ཡོད། རླབས་ཆེན་མེས་རྒྱལ་ལ་ཐོབ་པའི་གྲུབ་འབྲས་ཚང་མ་མི་རིགས་ཁག་གིས་སེམས་ཤུགས་གཅིག་སྒྲིལ་དང་། མཐུན་སྒྲིལ་འབད་བརྩོན་བྱས་པའི་འབྲས་བུ་ཡིན། མེས་རྒྱལ་འདི་ཉིད་འཕེལ་རྒྱས་དང་སྟོབས་ཤུགས་ཇེ་ཆེར་ཕྱིན་པ་དང་བསྟུན་ནས་་མི་རིགས་ཁག་གི་མི་དམངས་ཀྱི་རང་བཀུར་བསམ་པ་དང་། སྤོབས་པ་ཆེར་སྐྱེད་ནས་མི་རིགས་ཁག་གི་མི་དམངས་ཀྱིས་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་དང་བརྩོན་སེམས་ཇེ་ཆེར་བཏང་བ་རེད།

ཅང་ཙེ་མེན་གྱིས་གསུངས་དོན། "ང་ཚོ་ནི་མི་རིགས་མང་པོ་གཅིག་གྱུར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། མི་རིགས་ཁག་ནི་བདེ་སྡུག་མཉམ་མྱོང་དང་གཅིག་བློ་གཅིག་མཐུན་གྱིས་ཕན་ཚུན་ཁ་འབྲལ་ཐབས་མེད། "པ་ཞིག་ཡིན། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཆེས་མཛེས་ཤིང་། མི་རིགས་མཐུན་སྒྲིལ་གྱི་འབྲས་བུ་ཆེས་མངར་ལ། མི་རིགས་མཐུན་སྒྲིལ་གྱི་མི་དམངས་ཆེས་སྐྱིད་ཅིང་། མི་རིགས་མཐུན་སྒྲིལ་གྱི་མེས་རྒྱལ་ཆེས་སྟོབས་དང་ལྡན། མདུན་དུ་སྐྱོད་པའི་ལམ་བུའི་ཐོག་ཉེན་ཁ་གང་འདྲ་ཞིག་དང་ཕྱིའི་སྟོབས་ཤུགས་གང་འདྲ་ཞིག་ཡིན་ནའང་ཀུན་སེམས་གཅིག་སྒྲིལ་གྱི་ཀྲུང་ཧྭའི་བུ་ཕྲུག་དག་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཆོད་སེམས་བརྟན་པོར་གཡོ་འགུལ་གཏོང་མི་ཐུབ་ལ། མཐུན་སེམས་གཅིག་ཏུ་སྦྲེལ་བའི་མི་རིགས་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་ལ་བཀག་འགོག་གཏན་ནས་བྱེད་མི་ཐུབ།

ལོ་ཙཱ།རྟ་མགྲིན་དཔལ།