ཉིན་འདི་ནས་བཟུང་ཉིང་སྐྱུར་ཚད་ལེན་གྱི་རིན་གོང་མར་གཅོག་རྒྱུ།

ཟླ5ཚེས26ཉིན་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་གསལ་ལྟར་ན། རྒྱལ་ཁབ་ཀྱི་རེ་བ་ལྟར། ཟླ5ཚེས24ཉིན།མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་དང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཉིས་ཀྱིས་མཉམ་འབྲེལ་ཐོག《པྲོག་གསར་ནད་དུག་གི་ཉིང་སྐྱུར་ཚད་ལེན་དང་གཉུག་མའི་དུག་འགོག་ཚད་ལེན་གྱི་རིན་གོང་གཅོག་པའི་སྐོར་གྱི་བརྡ་ཐོ》བཀྲམས་ལ། བརྡ་ཐོའི་ནང་ཟླ5ཚེས30ཉིན་ནས་བཟུང་།མཚོ་སྔོན་ཞིང་ཆེན་གྱི་གཞུང་གཉེར་སྨན་ཁང་གི་པྲོག་གསར་ནད་དུག་གི་ཉིང་སྐྱུར་ཚད་ལེན་རིན་གོང་གཅིག་གྱུར་ཐོག་མར་བཅག་ཏེ། གཅིག་བཤེར་ལ་མི་རེར་ཐེངས་རེར་སྒོར16རེ་དང་། མང་བཤེར་ལ་མི་རེར་ཐེངས་རེར་སྒོར5རེ་བཟོས་ནས་གཏན་ལ་ཕབ། སྲིད་གཞུང་གིས་རྩ་འཛུགས་བྱས་པའི་གཞི་ཁྱོན་ཅན་གྱི་ཚགས་བཤེར་དང་རྒྱུན་གཏན་ཞིབ་བཤེར། མང་བཤེར་བཅས་ཀྱི་རིན་གོང་གཅིག་གྱུར་ཐོག་མར་བཅག་ནས་མི་རེར་ཐེངས་རེར་སྒོར3.5རེ་བཟོས་ནས་གཏན་ལ་ཕབ། པྲོག་གསར་ནད་དུག་གི་གཉུག་མའི་དུག་འགོག་ཚད་ལེན་ལ་མི་རེར་ཐེངས་རེར་སྒོར2རེ་དང་། གཉུག་མའི་དུག་འགོག་བཤེར་ལེན་དང་བཤེར་རྫས་གཉིས་ཀྱི་སྤྱིའི་རིན་གོང་སྒོར6ཡན་བརྒལ་མི་རུང་བ་གཏན་ལ་ཕབ་ཡོད་དོ། །

ཁོན་ཐར་འཚོས་བསྒྱུར།