གཏམ་བཟང་། ཁོ་ཚོས་ལས་ཤོར་འགན་སྲུང་ཐོབ་ཐང་འདྲ་མཉམ་ལོངས་སུ་སྤྱད་ཆོག

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཞིང་པ་ལས་མིར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པ་དང་འདྲ་བར་ལས་ཤོར་འགན་སྲུང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད། ཟླ5པའི་ཚེས7ཉིན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་དང་། ཞིང་ཆེན་ནོར་སྲིད་ཐིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ། མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་བཅས་ཀྱིས《ཞིང་པ་ལས་མི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་ལས་ཤོར་འགན་སྲུང་སྲིད་ཇུས་ནང་གཅིག་གྱུར་ཞུགས་རྒྱུའི་སྐོར་གྱི་བརྡ་ཐོ》(2022ལོའི་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་གིས་འགྲེམས་སྤེལ་བྱས་པའི་བརྡ་ཐོ་ཨང52པ)(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཏོན།《བརྡ་ཐོའི》ནང་ཞིང་པ་ལས་མི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་ལས་ཤོར་འགན་སྲུང་ནང་ཞུགས་པའི་གྲོན་བསྡུའི་བྱེད་ཐབས་གཅིག་གྱུར་བཟོས་ནས། ཞིང་པ་ལས་མི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོས་ལས་ཤོར་འགན་སྲུང་གི་གྱི་ཐོབ་ཐང་འདྲ་མཉམ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད།

《བརྡ་ཐོ》ཡི་ནང་། 2022ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་མི་སྤྱོད་ལས་ཁུངས་ཀྱིས་བསྡུས་པའི་ཞིང་པ་ལས་མིར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་ལས་ཁུངས་དང་མི་སྒེར་གྱི་གྲོན་འཇལ་གྲོན་དངུལ་གྱི་ཚད་གཞི་ལྟར་དུས་ཐོག་ཏུ་ལས་ཤོར་འགན་སྲུང་འགྲོ་གྲོན་འདང་ངེས་ཞིག་འཇལ་དགོས་པ་དང་། ལས་ཀ་ཤོར་རྗེས་ལས་ཤོར་འགན་སྲུང་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་རིགས་ལས་ཤོར་འགན་སྲུང་སྒྲུབ་གཉེར་ལས་ཁུངས་ལ་ལས་ཤོར་འགན་སྲུང་རེ་ཞུ་བྱེད་ཆོག་པ་དང་། ལས་ཤོར་འགན་སྲུང་སྒྲུབ་གཉེར་ལས་ཁུངས་ཀྱིས་གཅིག་གྱུར་སྒོས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་ལས་ཀ་ཤོར་རྗེས་ཀྱི་ལས་ཤོར་འགན་སྲུང་ཐོབ་ཐང་རྩིས་སྟངས་ལྟར་ལས་ཤོར་འགན་སྲུང་རྩིས་རྒྱག་ཆོག 2022ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་མི་སྤྱོད་ལས་ཁུངས་ཀྱིས་བསྡུས་པའི་ཞིང་པ་ལས་མིར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་ལས་ཤོར་འགན་སྲུང་གི་གྲོན་དངུལ་འཇལ་བའི་དུས་བཀག་ལྟར་གཅིག་གྱུར་ཐོག་རྩིས་རྒྱག་རྒྱུ་ཡིན་ཞིང་། 《བརྡ་ཐོ》ལག་བསྟར་མ་བྱས་གོང་མི་སྤྱོད་ལས་ཁུངས་ཀྱིས“ཞིང་པའི་གན་རྒྱ་བཟོ་ལུགས”ཀྱི་བྱེད་སྟངས་ལྟར་ཞིང་པ་ལས་མིར་ལས་ཤོར་འགན་སྲུང་ནང་ཞུགས་པ་མ་ཟད་བསྟུད་མར་ལས་ཤོར་འགན་སྲུང་གྲོན་དངུལ་འདང་ངེས་འཇལ་སྤྲོད་བྱེད་དགོས། ལས་ཤོར་འགན་སྲུང་གྲོན་དངུལ་ཡང་བསྟུད་མར་འདང་ངེས་འཇལ་ཡོད་པ་མ་ཟད། ཞིང་པ་ལས་མིར་གཏན་འབེབས་ལྟར་ལས་ཤོར་འགན་སྲུང་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་མེད་པ་དང《བརྡ་ཐོའི》ལག་བསྟར་བྱས་རྗེས་བསྟུད་མར་གྲོན་དངུལ་འཇལ་དགོས་རིགས་ལ་དེའི་གྲོན་དངུལ་འཇལ་བའི་དུས་བཀག་མཉམ་དུ་བསྡུས་ནས་རྩིས་རྒྱག་རྒྱུ། 《བརྡ་ཐོ》དེ2022ལོའི་ཟླ6པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་དང2027ལོའི་ཟླ5པའི་ཚེས31ཉིན་བར་ལག་བསྟར་བྱ་རྒྱུ་ཡིན།

རྗེས་མར། ཟི་ལིང་གྲོང་ཁྱེར་མི་སྤྱི་ལས་ཁུངས་ཀྱིས་ལས་ཤོར་འགན་སྲུང་གྲོན་དངུལ“གེགས་མེད་བདེ་འགྲུབ”ཡོང་པའི་བྱ་བའི་བླང་བྱ་གཞིར་བཟུང་སྟེ། སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་པ་དང་། ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་པ། སྒྲུབ་གཉེར་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། སྲིད་ཇུས་ལག་བསྟར་ཞིབ་མོ་བྱེད་པ། མི་སྤྱོད་ལས་ཁུངས་དང་ཞིང་པ་ལས་མི་ལས་ཤོར་འགན་སྲུང་ནང་ཞུགས་རྒྱུ་མ་ཟད། ད་དུང་དུས་ཐོག་ཏུ་ལས་ཤོར་འགན་སྲུང་གི་འགྲོ་གྲོན་འདང་ངེས་ཞིག་འཇལ་རྒྱུར་སྐུལ་འདེད་དང་། ཁྲིད་སྟོན་ཧུར་ཐག་བྱེད་པ། ལས་ཤོར་འགན་སྲུང་ཐོབ་ཐང་“རྒྱུགས་མི་དགོས་པར་ལེན་ཐུབ”དང“བདེན་དཔང་རྒྱུ་ཆ་མི་དགོས་པར་མྱུར་དུ་བསྒྲུབ་ཐུབ”པར་མངོན་འགྱུར་བྱུང་ནས། ཞིང་པ་ལས་མིར་ཁྲིམས་ལྟར་ལས་ཤོར་འགན་སྲུང་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོང་བའི་འགན་སྲུང་བྱ་དགོས།

གཡང་སྐྱིད་ཀྱིས་བསྒྱུར།