གཞི་རིམ་ཧྲུའུ་ཅི་ཞིག་གི་རིམས་ནད་འགོག་ཟོན་ཐད་ལ་ཕུལ་བའི“སྟོབས་ཤུགས།”

“ཏང་ལ་དགོས་མཁོ་ཡོད་དུས་ང་ཚོས་ནམ་ཡང་ལྷོད་གཡེང་བྱེད་མི་སྲིད”ཞེས་པ་འདི་ནི་མང་རྫོང་མགོ་མང་གྲོང་རྡལ་གཞིས་ཁུལ་གཉིས་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་སྒྲོལ་མས་བཤད་པའི་སྐད་ཆ་ཞིག་ཡིན།

ད་ལོའི་ལོ་སྟོད་ནས་བཟུང་བཀྲ་ཤིས་སྒྲོལ་མས་རང་གི་ཁྱིམ་གཞིས་ཆུང་ཆུང་གི་བདེ་སྡུག་ཁོ་ན་མ་བསམ་པར་ཚང་མའི་བདེ་འཇགས་གཙིགས་སུ་བཟུང་ནས། མང་རྫོང་མགོ་མང་གྲོང་རྡལ་གཞིས་ཁུལ་གཉིས་པའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་དེ་སྔ་གཞུག་ཏུ་ཐེངས་མི་འདྲ་པ700ལྷག་ལ་རིམས་ནད་འགོག་ཟོན་རྩད་གཅོད་དང་རིམས་འགོག་དྲིལ་སྒྲོག་བྱ་བ་སྤེལ་པས་གཞིས་ཁུལ་སྡོད་དམངས་དག་གི་བསྟོད་བསྔགས་ཐོབ། ཁོ་མོ་ནི་ནན་ཏན་ཞིབ་ཚགས་ཅན་གྱི་ཞིབ་བཤེར་མཁན་ཞིག་སྟེ། “དཔུང་རྟགས་དམར་པོ་དང་ལག་ཤུབས་དཀར་པོ་ཆ་གཅིག ཁ་ཐུམ་གཅིག”བཅས་ནི་ཁོ་མོས་རང་གི་ཕ་ཡུལ་ལ་སོ་སྲུང་བྱེད་པའི་འཐབ་མོ་པའི་ལྭ་བ་ཡིད་དུ་འོངས་པ་ཞིག་དང་། “སྐད་སྤུགས་གཅིག་དང་སྒྲ་སྒམ་གཅིག ད་དུང་ཉིང་སྐྱུར་མ་དཔེ་བསྡུ་ལེན་གནས་ཚུལ་བྱེད་སའི་ཐོ་འགོད་རེའུ་མིག་གསུམ”ནི་ཁོ་མོས་རང་གི་ཕ་ཡུལ་ལ་སོ་སྲུང་བྱེད་པའི“རྣོ་ངར་ཅན”གྱི་མཚོན་ཆ་ཡང་ཡིན།

གཞིས་ཁུལ་ནི་རིམས་ནད་འགོག་ཟོན་གཙོ་ཤུགས་དཔུང་ཆེན་དང་ཏང་ཡོན་རྣམས་ནི་གདོང་མཆོང་གཡུལ་གཏོར་གྱི་སྔོན་སྐྱོད་པ་ཡང་ཡིན། བཀྲ་ཤིས་སྒྲོལ་མས་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་སྟེ་ལོ་ངོ8ལྷག་འགོར་པ་དང་། པྲོག་གསར་གློ་ཚད་རིམས་ནད་བྱུང་པ་ནས་བཟུང་བཀྲ་ཤིས་སྒྲོལ་མས་རང་འགུལ་སྒོས་གུང་གསེང་གི་ངལ་གསོ་ཡོངས་སུ་དོར་སྟེ། རང་གི་ལས་རྐང་བརྟན་སྲུང་ངང་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་གཞིས་ཁུལ་གྱི་མངའ་ཁོངས་ཚོང་ཁང་དང་ཞིང་ལས་ཐོན་རྫས་ཚོང་ར་སོགས་སུ་སོང་སྟེ། “ཁྱིམ་ཚང་གཅིག་དང་སྡོད་དམངས་གཅིག་གི་གནས་ཚུལ་མ་ལུས་རྩད་གཅོད”ཐོ་འགོད་གསལ་བོ་བྱས། རྩད་གཅོད་བྱ་བའི་ཁྲོད་དུ་བཀྲ་ཤིས་སྒྲོལ་མས་ནམ་ཡང་རང་གི་ལས་འགན་དེ་ནན་ཏན་སྒོས་སྒྲུབ་ནས་ལྷོད་གཡེང་སྤུ་ཙམ་ཡང་བྱས་མ་མྱོང་།

“ང་ནི་ཏང་ཡོན་ཞིག་དང་གཞི་རིམ་ལས་བྱེད་རྒན་པ་ཞིག་ཡིན་པའི་ཆ་ནས་ཚང་མའི་སེམས་བདེ་མོ་བྱས་ཆོག ལས་འགན་མཐའ་དག་ཡོངས་འགྲུབ་བྱེད་ཐུབ་པར་ཁག་ཐེག་བྱས་པ་ཡིན”ཟེར། འདི་ནི་བཀྲ་ཤིས་སྒྲོལ་མས་རང་གི་ལས་རྐང་ལ་མ་ཞུགས་པའི་ཡར་སྔོན་གྱི་བྱ་བར་བཟུང་པའི་རྣམ་འགྱུར་ཡིན་པས། ཁོ་མོས་ཁ་ནས་དེ་ལྟར་བཤད་པ་མ་ཟད། ལག་ནས་ཀྱང་དེ་ལྟར་སྒྲུབ་བཞིན་ཡོད།

ཁོ་མོ་ནི་འཇིགས་པ་དང་ཞུམ་པ་མེད་པའི“ལྡོག་སྐྱོད་པ”ཞིག་ཀྱང་ཡིན།

“ཧྲུའུ་ཅི། ང་ཚོས་ཉིང་སྐྱུར་བཤེར་འཇལ་ནམ་བྱེད་དགོས་སམ། ”“ཡུལ་ན་ཡོད་པའི་སྨན་འཐུང་ཟིན་པས་ཅི་ཞིག་བྱེད་དགོས་སམ།”གློ་བུར་དུ་སླེབས་པའི་རིམས་ནད་ཀྱི་ཁ་གཏད་དུ“དཀའ་ཁག་ཡོད་དུས་ཧྲུའུ་ཅི་བཙལ་རྒྱུ”དེ་གཞིས་ཁུལ་སྡོད་དམངས་དག་གི“རྒྱུན་ལོབས་རང་བཞིན་གྱི་རྣམ་པ”ཞིག་ཏུ་གྲུབ་ཚར་ཡོད།

ཁང་ལེབ་ཀྱི་ས་ཁུལ་ཅུང་མང་ཞིང་མི་གྲངས་མང་ལ། ཁང་བ་གླས་ནས་སྡོད་མཁན་ཡང་མང་། གཞིས་ཁུལ་གྱི་སྲང་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་བསྲིངས་ཡོད་པས་འཁོར་རྒྱུགས་བྱེད་པའི་མི་གྲངས་ཡང་ཧ་ཅང་མང་། འདི་ནི་གཞིས་ཁུལ་གཉིས་པའི་བྱ་བར་རྩད་གཅོད་བྱེད་པའི་ཁྲོད་ཀྱི་དཀའ་ཁག་ཡང་ཡིན། ལས་དོན་ཟང་ཟིང་གི་ཁ་གཏད་དུ་ཁོ་མོས་ནམ་ཡང་རང་གི་སུན་སྣང་ལ་མི་འཛེམ་པར་གོ་རིམ་ལྡན་པའི་སྒོ་ནས་ལས་འགན་མཐའ་དག་ཡོངས་འགྲུབ་བྱེད་བཞིན་ཡོད། གཞིས་ཁུལ་གྱི་སྡོད་དམངས་ཚེ་རིང་གིས་གསར་འགོད་པ་ལ་བཤད་རྒྱུར། “རིམས་ནད་འགོག་ཟོན་གྱི་དམིགས་གསལ་དུས་སྐབས་འདི་འདྲ་ཞིག་ལ་ཁེལ་དུས། ཁོ་མོས་སུ་ཚང་གི་ཕྱི་རོལ་ལ་སོང་པའི་སུ་ཞིག་ཕྱིར་ལོག་པ་དང་སྔོ་ཚོད་ཁང་གང་ཞིག་གི་སྒོ་ཕྱེས་ཡོད་པ། ཚོང་ཁང་གང་གི་ཚོང་གཉེར་བྱེད་བཞིན་ཡོད་པ་སོགས་ཁོ་མོའི་སེམས་སུ་གསལ་བོ་དག་པོ་ཡིན”ཟེར།

ཡུལ་ལོག་མི་སྣར་ཚོད་འཛིན་བྱས་ཏེ་ཁྱིམ་འཇུག་ལོགས་བཀར་བརྟན་འཇགས་ཡོང་ཆེད། ཁོ་མོས་དངོས་སུ་ཁྱིམ་ཚང་ལ་འགྲོ་བ་དང་ཁ་པར་གཏོང་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཡང་དང་བསྐྱར་དུ་ཁ་ཏ་སློབ་གསོ་གཏོང་བཞིན་ཡོད། ཡུལ་ལོག་མི་སྣ་དག་གང་འདོད་དུ་ཡར་མར་ལ་འགྲོ་རྒྱུགས་བྱེད་པ་འགོག་ཆེད། ཁོ་མོས་ནངས་སྔ་མོ་ཡིན་རུང་རང་གི་ལས་རྐང་བརྟན་སྲུང་བྱས་ཡོད། ཁོ་མོའི་སྣེ་ཁྲིད་འོག་གཞིས་ཁུལ་གྱིས་ཏང་ཡོན་གདོང་མཆོང་རུ་ཁག་རྩ་འཛུགས་བྱས་ཏེ་ལུགས་མཐུན་ལས་བགོས་ངང་ཐོ་འགོད་ལས་ཀ་ལེགས་པོར་སྒྲུབ་ནས་ཡུལ་ལོག་ཁྱིམ་འཇུག་བྱེད་རྒྱུར་འགྲེལ་བརྗོད་བྱེད་པའི་བྱ་བ་ཡང་སྒྲུབ་བཞིན་ཡོད།

ཁོ་མོ་ནི་ཡར་རྒྱས་བློ་བརྟན་ཅན་གྱི“དངོས་ཡོད་རིང་ལུགས་མཁན”ཞིག་རེད།


ཉིན་མོ་སྒོ་ཕྱི་ཁྱིམ་མྱུལ་ཏེ་དྲིལ་སྒྲོག་དང་ཞབས་ཞུའི་ལས་སྒྲུབ་བཞིན་ཡོད་པ་མ་ཟད། དགོང་མོ་ཡང་ད་རུང་སེམས་ལ་གནོན་ཤུགས་ཆེ་བའི་སྡོད་དམངས་དག་ལ་བློ་སྟོན་བྱེད་བཞིན་ཡོད་པས། ཁོ་མོ་དང་སྡོད་དམངས་དག་གི་བར་ལ་མཛའ་བརྩེ་ཟབ་མོ་ཞིག་ཆགས་ཡོད་པས། ནམ་རྒྱུན་ཁོ་མོར“ཨ་ཅེ”ཞེས་འབོད་བཞིན་ཡོད།

“ཨ་ཅེ། ངེད་ཚང་གི་སྔོ་ཚོད་ཚར་ཐལ། ཁྱོད་ཀྱིས་ང་ལ་ཉོ་རོགས་བྱས་ན་ཨེ་ཆོག”“ཆོག་གི ཆོག་གི ཁྱོད་ཀྱིས་སྔོ་ཚོད་གང་ཞིག་ཟོས་ན་འདོད་ཀི ”“ཨ་ཅེ། ང་ལ་ཨུ་སུག་དང་ཤ་མོ་ཞིག་ཉོ་རོགས”འདི་ནི་ཧྲུའུ་ཅི་བཀྲ་ཤིས་སྒྲོལ་མ་དང་སྡོད་དམངས་བར་གྱི་རྒྱུན་འབྱམ་རང་བཞིན་གྱི་ཁ་པར་ཁ་བརྡ་ཚན་པ་ཞིག་ཡིན། བཀྲ་ཤིས་སྒྲོལ་མས་སྣེ་ཁྲིད་དེ་རིན་མེད་སྒོས་གཞན་གྱི་གོམ་ཚེགས་ལེན་བཞིན་ཡོད་ལ། གཞིས་ཁུལ་གྱི་ལོགས་བཀར་མང་ཚོགས་ཀྱི་ཟས་རིགས་གསོག་ཉར་སོགས་ཀྱི་སེམས་ཁྲལ་ཡང་སེལ་བཞིན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།