རང་ཞིང་གིས་སྲིད་ཇུས་བཏོན་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་ནས་དམངས་ཚིས་འགན་སྲུང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཁྲལ་དོན་ཅུའུ་དང་མཉམ་དུ《ལས་ཤོར་འགན་སྲུང་གི་ལས་གནས་བརྟན་པོ་དང་ལས་ཤོར་སྔོན་འགོག་གི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ལས་ཤོར་འགན་སྲུང་ལས་གནས་བརྟན་པོའི་ངང་ཕྱིར་སློག་པ་དང་། ལས་རིགས་རྩལ་ནུས་མཐོར་གཏོང་གི་ཁ་གསབ། སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་ཇེ་དམའ་རུ་མི་གཏོང་བ། ལས་ཤོར་མི་སྣའི་འཚོ་བ་འགན་སྲུང་བྱེད་པ་སོགས་ཕྱོགས6གི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ཡོད།

ཁེ་ལས་ཆེ་གྲས་དང་སྤྱི་ཚོགས་ཚོགས་པས་ཁེ་ལས་དང་དེ་བཞིན་ལས་བཟོ་པས་ལོ་འཁོར་གོང་མར་དངོས་སུ་འཇལ་བའི་ལས་ཤོར་འགན་སྲུང་གྲོན་དངུལ་གྱི30%ཕྱིར་སློག་བྱས་ཏེ། ཁེ་ལས་ཆུང་འབྲིང་གི་ཕྱིར་སློག་པའི་བསྡུར་ཚད་60%ནས་90%བར་ཇེ་མཐོར་གཏོང་རྒྱུ་དང་། ཐེབས་རྩ་ལྷན་ཚོགས་དང་། སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི། ཁྲིམས་རྩོད་པའི་ལས་དོན་ཁང་། རྩིས་པའི་ལས་དོན་ཁང་། ཚན་པའི་རྣམ་པའི་སྒོ་ནས་འགན་སྲུང་ལ་ཞུགས་པའི་ཁེར་གཉེར་བཟོ་ཚོང་ཁྱིམ་ཚང་བཅས་ཀྱིས་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་ཕྱིར་སློག་པའི་བསྡུར་ཚད་གཞིར་བཟུང་ནས་ལག་བསྟར་བྱ་རྒྱུ། དེ་དང་ཆབས་ཅིག་རིམས་ནད་ཀྱི་ཤུགས་རྐྱེན་ལ་དམིགས་ཏེ་ཆ་རྐྱེན་དང་མཐུན་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་ཐེངས་གཅིག་རང་བཞིན་གྱི་ངལ་རྩོལ་དུ་ལུས་པའི་གསོ་སྦྱོང་ཁ་གསབ་སྤྲོད་རྒྱུ་དང་། 2022ལོར་ཁྱོན་བསྡོམས་ཉེན་ཁ་ཆེ་འབྲིང་ལས་ཐོན་པའི་རིམས་ནད་ཐོན་ཁུལ1ཡན་གྱི་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)བྱུང་ཚེ། པྲོག་གསར་གློ་ཚད་ཀྱི་རིམས་ནད་རྐྱེན་གྱིས་གནས་སྐབས་ཐོན་སྐྱེད་ཚོང་གཉེར་སྐྱོང་བྱེད་མི་ཐུབ་པའི་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ལ་འགན་སྲུང་ནང་ཞུགས་མཁན་ཚང་མར་སྒོར500ཡི་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་གྱི་གསོ་སྐྱོང་ཁ་གསབ་སྤྲོད་རྒྱུ་དང་། ཁེ་ལས་ཀྱིས་ལས་བཟོ་པ་སྒྲིག་འཛུགས་བྱས་ནས་ལས་ཀའི་ཚབ་ཏུ་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས།

མཚོ་སྔོན་ཞིང་ཆེན་གྱིས་ལས་ཤོར་འགན་སྲུང་མ་དངུལ་ལེན་མཁན་ལ་རྩལ་ནུས་མཐོར་གཏོང་གི་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་པའི་ཁྱབ་ཁོངས་ནང་འཇུག་རྒྱུ་དང་། རྩལ་ནུས་མཐོར་གཏོང་གི་ཁ་གསབ་རེ་ཞུའི་ཆ་རྐྱེན་མུ་མཐུད་ཇེ་ཡངས་སུ་བཏང་ནས་ཁེ་ལས་ཀྱི་ལས་ཐོག་ལས་ཤོར་འགན་སྲུང་ནང་ཞུགས་ནས་ལོ1ཡན་ཟིན་པ། དེ་དང་ཆབས་ཅིག་ལས་རིགས་གསོ་སྦྱོང་གི་ཁ་གསབ་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ལས་ཤོར་འགན་སྲུང་མ་དངུལ་ལེན་སྐབས་ལས་རིགས་གསོ་སྦྱོང་དང་ལེན་བྱེད་མཁན་གྱི་ལས་ཤོར་མི་སྣར་གཏན་འབེབས་ལྟར་ལས་རིགས་གསོ་སྦྱོང་གི་ཁ་གསབ་མུ་མཐུད་སྤྲོད་རྒྱུ།

དུས་རིམ་རང་བཞིན་གྱི་ལས་ཤོར་འགན་སྲུང་དང་ལས་རྨས་འགན་སྲུང་གྲོན་དངུལ་ཚད་གཞི་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད2023ལོའི་ཟླ4ཚེས30ཉིན་བར་དུ་ལག་བསྟར་བྱ་རྒྱུ། བཟའ་བཏུང་དང་། སིལ་ཚོང་། ཡུལ་སྐོར། དམངས་སྤྱོད་མཁའ་འགྲུལ། གཞུང་ལམ་དང་ཆུ་ལམ་བཅས་ཀྱི་ལྕགས་ལམ་སྐྱེལ་འདྲེན་ཁེ་ལས་ལ་དུས་རིམ་རང་བཞིན་གྱི་རྒན་གསོའི་འགན་སྲུང་དང་། ལས་ཤོར་འགན་སྲུང་། ལས་རྨས་འགན་སྲུང་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ། མི་སྒེར་གྱི་ཐོབ་ཐང་ཐོག་ནས་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་སྲུང་ནང་ཞུགས་པའི་ཁེར་གཉེར་བཟོ་ཚོང་དུད་ཚང་དང་རིགས་སོ་སོའི་བབ་བསྟུན་ལས་ཞུགས་མི་སྣས2022ལོར་རྒན་གསོ་འགན་སྲུང་མ་དངུལ་འཇལ་བར་དཀའ་ངལ་ཡོད་ཚེ། རང་མོས་ངང་གྲོན་དངུལ་འཇལ་རྒྱུ་གནས་སྐབས་ནར་འགྱངས་བྱས་ནས2023ལོའི་ལོ་མཇུག་གོང་ལ་གསབ་འཇལ་བྱེད་ཆོག

ཆ་རྐྱེན་དང་མཐུན་པའི་འགན་སྲུང་ནང་ཞུགས་པའི་ལས་ཤོར་མི་སྣར་ལས་ཤོར་ཁ་གསབ་རོགས་དངུལ་སྤྲོད་དགོས། ཞིང་པ་ལས་མི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་ལས་ཤོར་འགན་སྲུང་ནང་ཞུགས་པའི་སྲིད་ཇུས་གཅིག་གྱུར་བྱས་ཏེ། གཏན་འབེབས་ལྟར་འགན་སྲུང་ནང་ཞུགས་ནས་ལོ་གཅིག་མ་ལོན་བའི་ལས་ཤོར་ཞིང་པ་ལས་མིར་གནས་སྐབས་ཀྱི་འཚོ་བའི་ཁ་གསབ་ཡང་ན་ལས་ཤོར་ཁ་གསབ་རོགས་དངུལ་སྤྲོད་དགོས། དེ་དང་ཆབས་ཅིག་ལས་ཤོར་འགན་སྲུང་མ་དངུལ་དང་གཞི་རྩའི་སྨན་བཅོས་འགན་སྲུང་གྲོན་དངུལ་སྤྲོད་པ་སོགས་རྒྱུན་གཏན་གྱི་འཚོ་བའི་ཐོབ་ཐང་སྤྲོད་པའི་འགན་སྲུང་བྱ་བ་མུ་མཐུད་ཡག་པོ་བསྒྲུབ་རྒྱུ།

གཡང་སྐྱིད་ཀྱིས་བསྒྱུར།