རིམས་ནད་འགོག་ཟོན་སྐབས་ཀྱི་ཁྲིམས་འགལ་བྱ་སྤྱོད་མི་འདྲ་པ་བརྒྱད།

1.ནད་རྟགས་གཏན་ཁེལ་བྱས་པའི་པྲོག་གསར་ནད་པ་དང་ནད་རྟགས་མི་མངོན་པའི་ནད་པས་རང་ཉིད་ལ་འགོས་ནད་ཕོག་པ་ཤེས་བཞིན་དུ་སྔར་བཞིན་རིམས་འགོག་སྲིད་ཇུས་ཀྱི་བླང་བྱ་བརྩི་སྲུང་དང་དང་ལེན་མི་བྱེད་པ། ལོགས་བཀར་སྨན་བཅོས་མི་བྱེད་པའམ་ཡང་ན་ལོགས་བཀར་བྱེད་པའི་དུས་ཡུན་ནང་རང་སྣང་རང་ཤར་གྱིས་སྨན་བཅོས་དང་ལེན་མི་བྱེད་པའི་བྱ་སྤྱོད་ལ་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།

ནད་རྟགས་གཏན་ཁེལ་བྱས་པའི་པྲོག་གསར་ནད་པ་དང་ནད་རྟགས་མི་མངོན་པའི་ནད་པས་རང་ཉིད་ལ་འགོས་ནད་ཕོག་པ་ཤེས་བཞིན་དུ་སྔར་བཞིན་རིམས་འགོག་སྲིད་ཇུས་ཀྱི་བླང་བྱ་བརྩི་སྲུང་དང་དང་ལེན་མི་བྱེད་པ། ལོགས་བཀར་སྨན་བཅོས་མི་བྱེད་པའམ་ཡང་ན་ལོགས་བཀར་བྱེད་པའི་དུས་ཡུན་ནང་རང་སྣང་རང་ཤར་གྱིས་སྨན་བཅོས་དང་ལེན་མི་བྱེད་པར། སྤྱི་པའི་ཡུལ་དངོས་དང་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་པ་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ། དོན་ཚན་བརྒྱ་དང་བཅོ་ལྔ་པའི་གཏན་འབེབས་ལྟར། ཉེན་ཁ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་སུ་གཏོགས་པས་ཉེས་ཆད་གཅོད་རྒྱུ།

དེ་བཞིན་རིམས་འགོག་འཕྲོད་བསྟེན་ལས་ཁུངས་ཀྱིས་བཏོན་པའི་རིམས་ནད་འགོག་སྲུང་སྨན་བཅོས་ཀྱི་བླང་བྱ་དང་ལེན་མ་བྱས་པའི་སྐོར་ལ། དཔེར་ན་སྡོད་དམངས་དག་གིས་ཉིང་སྐྱུར་ཚད་འཇལ་མི་བྱེད་པ་དང་། ཉིང་སྐྱུར་ཚད་ལེན་མཇུག་འབྲས་དུས་ལྟར་ཡར་ཞུ་མི་བྱེད་པ། ཁྱིམ་སྡོད་ལོགས་བཀར་གྱི་རེ་འདུན་ལ་འགལ་པ། ཡུལ་གཞན་ལ་སོང་པ་དང་ཡུལ་གཞན་ནས་བསྡད་པ་གསང་པ་སོགས་ཀྱིས་པྲོག་གསར་རིམས་ནད་འགོས་ཁྱབ་བྱུང་བ་ལ་ཉེན་ཁ་ཧ་ཅང་ཆེ་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་ཉེས་ཁྲིམས་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལ་འགལ་ཡོད་པ་སྟེ། རིམས་ནད་སྔོན་འགོག་སྨན་བཅོས་ལ་གནོད་འཚེ་གཏོང་བའི་ནག་ཉེས་སུ་གཏོགས་པས་ཉེས་ཆད་གཅོད་རྒྱུ།

2. རིམས་ནད་འགོག་ཟོན་གྱི་སྐབས་སུ་རིམས་ནད་འགོག་ཟོན་ལ་དགོས་མཁོ་ཆེ་བའི་འགོག་སྲུང་སྤྱོད་ཆས་དང་སྨན་རྫས། དམངས་ཚིས་མཁོ་ཆས་གཞན་དག་བཅས་ཀྱི་རིན་གོང་འུར་བསྟོད་བྱེད་པའི་བྱ་སྤྱོད་ལ་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།

ཚོང་གཉེར་མཁན་གྱིས་རིམས་ནད་འགོག་ཟོན་གྱི་དམིགས་བསལ་དུས་སྐབས་སུ་ཁེ་སྤོགས་ཆེན་པོ་ལེན་ཐུབ་པའི་ཧམ་སེམས་བཅངས་ནས་བསམ་བཞིན་དུ་ཚོང་ཟོག་གི་རིན་གོང་སྤར་བ་དང་དངོས་པོ་མང་པོ་མཛོད་ཉར་བྱེད་པ་སོགས་ཀྱི་བྱ་སྤྱོད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲོམ་རའི་ཚོང་གཉེར་དང་རིན་གོང་དོ་དམ་སོགས་ལ་འགལ་ཡོད་པས། ཁྲོམ་རའི་ཚོང་གཉེར་གྱི་སྒྲིག་སྲོལ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད། བྱ་སྤྱོད་དེ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ནང་འཁོད་དོན་ཚན་ཉིས་བརྒྱ་ཉེར་ལྔ་པའི་རིམ་པ་བཞི་པའི་ཁྲིམས་དང་མི་མཐུན་པའི་ཚོང་གཉེར་གྱི་གཏན་འབེབས་དང་འགལ་ཡོད་་པས་ནག་ཉེས་སུ་གཏོགས་པས་ཉེས་ཆད་གཅོད་རྒྱུ།

3. རིམས་ནད་འགོག་ཟོན་གྱི་སྐབས་སུ་རིམས་ནད་སྐོར་གྱི་དཀྲོག་གཏམ་སྤེལ་བ་དང་དཀྲོག་གཏམ་བརྒྱུད་སྒྲོག་བྱེད་པ། རིམས་ནད་སྐོར་གྱི་ཆ་འཕྲིན་རྫུན་མར་བརྟེན་ནས་ཁེ་སྤོགས་ལེན་པའི་བྱ་སྤྱོད་ལ་ཇི་ལྟར་བྱ་དགོས་སམ།

རིམས་ནད་སྐོར་གྱི་གནས་ཚུལ་རྫུན་མ་བཟོས་ནས་ཆ་འཕྲིན་དྲ་རྒྱ་དང་ཡང་ན་སྨྱན་སྦྱོར་གཞན་དག་བརྒྱུད་ཁྱབ་སྤེལ་བྱེད་པ། ཡང་ན་རིམས་ནད་སྐོར་གྱི་གནས་ཚུལ་རྫུན་མ་ཡིན་པ་ཤེས་བཞིན་དུ་བསམ་གཟས་ནས་ཆ་འཕྲིན་དྲ་རྒྱའམ་ཡང་ན་སྨྱན་སྦྱོར་གཞན་དག་བརྒྱུད་དེ་ཁྱབ་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་རྙོག་དྲ་བཟོ་པ་དེའི་རིགས་ནི། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་གོ་གཅིག་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ཀྱི་གནས་ཚུལ་རྫུན་བཟོ་དང་གནས་ཚུལ་རྫུན་མའི་རིགས་བསམ་བཞིན་དུ་ཁྱབ་སྤེལ་བྱས་པའི་བྱས་ཉེས་སུ་གཏོགས་པས་ཉེས་ཆད་གཅོད་རྒྱུ།

གནས་ཚུལ་རྫུན་མ་བཟོ་བའམ་ཡང་ན་རྫུན་མ་ཡིན་པ་ཤེས་བཞིན་དུ་དྲ་རྒྱའི་སྟེང་ཁྱབ་སྤེལ་བྱེད་པ། ཡང་ན་རྩ་འཛུགས་ཡོད་པ་དང་མི་གཞན་ལ་དྲ་ལམ་དུ་ཁྱབ་སྤེལ་བྱེད་དུ་བཅུག་ནས་སྤྱི་པའི་སྒྲིག་ལམ་ལ་རྙོག་དྲ་བཟོ་པའི་རིགས་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་གོ་གསུམ་པའི་ནང་གསེས་དོན་ཚན་དང་པོའི་ནང་གསེས་དོན་ཚན་བཞི་པའི་ནང་གཏན་འབེབས་བྱས་པའི་བསམ་གཟས་ནས་དོན་རྐྱེན་སློང་པའི་ནག་ཉེས་ལྟར་ཉེས་ཆད་གཅོད་རྒྱུ།

གལ་ཏེ་ཁྲིམས་འགལ་གྱི་བདག་འཛིན་དམིགས་ཡུལ་དུ་བཟུང་ནས་རིམས་ནད་སྐོར་གྱི་གནས་ཚུལ་རྫུན་མ་བེད་སྤྱད་ནས་མི་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱེད་པ་དེའི་རིགས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་རེ་དྲུག་པའི་ནང་གཏན་འབེབས་བྱས་པའི་མགོ་སྐོར་གཡོ་ལེན་གྱི་ནག་ཉེས་སུ་གཏོགས་པས་ཉེས་ཆད་གཅོད་རྒྱུ།

4. རིམས་ནད་འགོག་ཟོན་གྱི་སྐབས་སུ་ཉིང་སྐྱུར་བརྟག་འཇལ་གྱི་མཇུག་འབྲས་སྙན་ཞུ་ལ་རྫུན་བཟོ་དང་བཟོ་བཅོས་བྱེད་པའི་བྱ་སྤྱོད་ཀྱི་རིགས་ལ་ཇི་ལྟར་བྱ་དགོས་སམ།

ཉིང་སྐྱུར་བརྟག་འཇལ་བྱས་པའི་སྙན་ཞུ་དང་ཚད་ལེན་དཔྱད་ཞིབ་མཇུག་འབྲས་ཀྱི་སྙན་ཞུ་ནི་སྡོད་དམངས་དག་ལ་པྲོག་གསར་ནད་དུག་འགོས་ཡོད་མེད་ཀྱི་བདེན་དཔང་གཙོ་བོ་ཞིག་ཡིན་པས། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སྙན་ཞུ་རྫུན་མ་དེའི་རིགས་ཀྱིས་སྤྱི་ཚོགས་ཀྱི་དོ་དམ་དང་སྒྲིག་ལམ་ཟང་ཟིང་བཟོ་སྲིད་པ་མ་ཟད། རིམས་ནད་འགོག་ཟོན་དོ་དམ་ཐད་ལ་ཡང་གནོད་འཚེ་ཚབས་ཆེན་བཟོས་ནས། པྲོག་གསར་ནད་དུག་གསར་མཆེད་ཀྱི་ཉེན་ཁ་ཡང་འབྱུང་སྲིད།ཉིང་སྐྱུར་བརྟག་འཇལ་གྱི་མཇུག་འབྲས་སྙན་ཞུ་ལ་རྫུན་བཟོ་དང་བཟོ་བཅོས་བྱེད་པའི་བྱ་སྤྱོད་ཀྱི་རིགས་ཀྱི་ངོ་བོ་དང་གནོད་འཚེ་ཡི་ཚད་གཞི་ལྟར་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་བརྒྱད་ཅུ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་སྟེ་ཀུང་ཟི་དང་དོན་ལས་ལས་ཁུངས་ཀྱི་ཐམ་ཀ་རྫུན་བཟོ་བྱས་པའི་ནག་ཉེས་དང་འགལ་ཡོད། དོན་ཚན་ཉིས་བརྒྱ་གྱ་དྲུག་པའི་གཏན་འབེབས་རྩིས་འཁོར་བརྡ་འཕྲིན་མ་ལག་ལ་གནོད་འཚེ་གཏོང་བའི་ནག་ཉེས། དོན་ཚན་སུམ་བརྒྱ་སུམ་ཅུ་པའི་རིམས་ནད་འགོག་སྲུང་སྨན་བཅོས་ཀྱི་ནག་ཉེས་བཅས་ལ་འགལ་ཡོད་པས་ཉེས་ཆད་གཅོད་རྒྱུ།

5. རིམས་ནད་འགོག་ཟོན་སྐབས་རིམས་འགོག་གི་ལས་རྐང་ན་ལས་ཀ་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་དང་བླངས་མི་སྣ་ལ་འཇིགས་སྐུལ་དང་དམའ་འབེབས། གཅར་རྡུང་བྱེད་པ། རླངས་འཁོར་བསྐོར་ནས་གདོང་ཐུག་རྒྱག་པ་སོགས་ཀྱི་བྱ་སྤྱོད་དེའི་རིགས་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།

དྲོད་ཚད་འཇལ་རྒྱུ་དང་ཉིང་སྐྱུར་ཚད་ལེན་བྱེད་རྒྱུ། ཡུལ་དངོས་བཤེར་རིས་སྟོན་རྒྱུ་སོགས་ལ་གཞོགས་འདེགས་མི་བྱེད་པར་དྲག་ཤུགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་དོན་ལ་འཇིགས་སྐུལ་གྱིས་བཀག་འགོག་བྱས་པའི་རིགས་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་དོན་བདུན་པའི་ནང་གཏན་འབེབས་བྱས་པའི་གཞུང་དོན་སྒྲུབ་རྒྱུར་བཀག་འགོག་བྱས་པའི་ནག་ཉེས་སུ་གཏོགས་པས་ཉེས་ཆད་གཅོད་རྒྱུ།

རིམས་འགོག་ལས་དོན་མི་སྣ་གཞན་དག་ལ་གང་འདོད་དུ་དམའ་འབེབས་དང་འཇིགས་སྐུལ། གཅར་རྡུང་། རླངས་འཁོར་བསྐོར་ནས་རྡུང་ཐུག་རྒྱག་པ་སོགས་ཀྱི་བྱ་སྤྱོད་དེའི་རིགས་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་གོ་གསུམ་པའི་ནང་གཏན་འབེབས་བྱས་པའི་བསྙད་རྐོ་ཟིང་སློང་གི་ནག་ཉེས་སུ་གཏོགས་པའི་ཉེས་ཆད་གཅོད་རྒྱུ།

གཞུང་དོན་ལ་བཀག་འགོག་དང་བསྙད་རྐོ་ཟིང་སློང་གིས་ལས་བྱེད་མི་སྣ་ལ་རྨས་སྐྱོན་ཡང་མོ་དང་དེའི་ཡན་གྱི་མཇུག་འབྲས་ཚབས་ཆེན་བཟོས་པའི་ནག་ཉེས་བསགས་མཁན་ལ་ཉེས་ཆད་ལྕི་མོ་གཅོད་རྒྱུ།

6. རིམས་ནད་འགོག་ཟོན་སྐབས་སུ་སྨན་བཅོས་མི་སྣའི་ལུས་པོར་གནོད་འཚེ་གཏོང་པ་དང་སྨན་བཅོས་སྒྲིག་གཞི་ལ་གནོད་སྐྱོན་བཟོ་པའི་བྱ་སྤྱོད་དེའི་རིགས་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།

རིམས་ནད་འགོག་ཟོན་སྐབས་སུ་སྨན་བཅོས་མི་སྣའི་ལུས་པོར་གནོད་འཚེ་གཏོང་པ་དང་སྨན་བཅོས་སྒྲིག་གཞི་ལ་གནོད་སྐྱོན་བཟོ་པའི་བྱ་སྤྱོད་དེའི་རིགས་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་ཞེ་དྲུག་པའི་ནང་གསེས་དང་པོ། དོན་ཚན་ཉིས་བརྒྱ་གོ་གསུམ་པའི་ནང་གཏན་འབེབས་བྱས་པའི་དམའ་འབེབས་ནག་ཉེས་དང་བསྙད་རྐོ་ཟིང་སློང་གི་ནག་ཉེས་སུ་གཏོགས་པས་ཉེས་ཆད་གཅོད་རྒྱུ།

བསམ་བཞིན་དུ་སྨན་བཅོས་མི་སྣ་ལ་རྨས་སྐྱོན་ཆུང་ངུ་དང་དེའི་ཡན་གྱི་རྨས་སྐྱོན་ཚབས་ཆེན་བཟོས་པའི་མཇུག་འབྲས། ཡང་ན་སྨན་བཅོས་ལས་བྱེད་མི་སྣ་ལ་ཉེས་རྡུང་གཏོང་པ་དང་འཛིང་རེས་བྱེད་པ། འགོག་སྲུང་ལྭ་བ་གཏེད་པ། སྨན་བཅོས་མི་སྣའི་ངོ་ལ་ཁ་ཆུ་གཏོར་པ་སོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྨན་བཅོས་མི་སྣ་ལ་ནད་དུག་འགོ་རུ་བཅུག་པ་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་སོ་བཞི་པའི་ནང་གཏན་འབེབས་བྱས་པའི་བསམ་གཟས་ནས་གཞན་ལ་གནོད་འཚེ་བཏང་པའི་ནག་ཉེས་སུ་གཏོགས་པས་ཉེས་ཆད་གཅོད་རྒྱུ།

7. རིམས་ནད་འགོག་ཟོན་སྐབས་སུ་ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པ་ལ་གཏུམ་སྤྱོད་འཇབ་རྒོལ་སྤེལ་པའི་བྱ་སྤྱོད་ལ་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།

རིམས་ནད་འགོག་ཟོན་སྐབས་སུ་བཀོད་འདོམས་ལ་མི་ཉན་པ་དང་རིམས་ནད་སྔོན་འགོག་ལ་གཞོགས་འདེགས་མི་བྱེད་པ། མི་དམངས་ཉེན་རྟོག་པ་ལ་ཕྱིར་འཛིང་གིས་མི་ལུས་ལ་རྒོལ་བའི་བྱ་སྤྱོད། དེ་བཞིན་མེ་མདའ་དང་གྲི་སོགས་ལག་ཆ་བཀོལ་ནས་མི་དམངས་ཉེན་རྟོག་པར་ཉེན་ཁ་བཟོས་པའི་རིགས་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་

ཉིས་བརྒྱ་དོན་བདུན་པའི་ནང་གསེས་དོན་ཚན་ལྔ་པའི་ནང་གཏན་འབེབས་བྱས་པའི་ཉེན་རྟོག་པར་འཇབ་རྒོལ་བྱས་པའི་ནག་ཉེས་སུ་གཏོགས་པས་ཉེས་ཆད་གཅོད་རྒྱུ།

ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་དྲག་ཤུགས་སྤྱད་མེད་ན་ཡང་། འོན་ཀྱང་དྲག་ཤུགས་ལ་བརྟེན་ནས་འཇིགས་སྐུལ་བྱས་པ་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་དོན་བདུན་པའི་ནང་གསེས་དོན་ཚན་དང་པོའི་ནང་གཏན་འབེབས་བྱས་པའི་གཞུང་དོན་བསྒྲུབ་རྒྱུར་བཀག་འགོག་བྱས་པའི་ནག་ཉེས་སུ་གཏོགས་པས་ཉེས་ཆད་གཅོད་རྒྱུ། གལ་ཏེ་ཉེན་རྟོག་པའི་རླངས་འཁོར་ལོ་དང་ཉེན་ཟོན་གོ་མཚོན་སོགས་ཉེན་རྟོག་པའི་སྒྲིག་ཆས་ལ་གཏོར་བཤིག་བཏང་བ་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་དོན་ལྔ་པའི་ནང་གཏན་འབེབས་བྱས་པའི་བསམ་གཟས་ནས་རྒྱུ་ནོར་ལ་གཏོར་སྐྱོན་བཏང་བའི་ནག་ཉེས་སུ་གཏོགས་པས་ཉེས་ཆད་

གཅོད་རྒྱུ།

8. རིམས་ནད་འགོག་ཟོན་སྐབས་སུ་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་འགན་འཛོལ་གྱི་བྱ་སྤྱོད་ལ་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།

རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ནི་རྒྱལ་ཁབ་གཞུང་གི་ལས་གནས་ན་ལས་ཀ་བྱེད་པའི་མི་སྣ་ཞིག་ཡིན་པའི་ཆ་ནས། རིམས་ནད་འགོག་ཟོན་བྱ་བའི་རྩ་འཛུགས་དང་སྙོམས་སྒྲིག བཀོད་སྒྲིག སྨན་བཅོས་མྱུར་སྐྱོབས། བརྡ་འཕྲིན་བརྒྱུད་སྤྲོད། འགྲིམ་འགྲུལ་སྐྱེལ་འདྲེན། དངོས་ཟོག་འགན་སྲུང་སོགས་ལག་བསྟར་ནན་ཏན་བྱ་དགོས་པས། གལ་ཏེ་རང་འགན་གཞན་དཀྲི་དང་ལས་གནས་ནས་རང་དགར་བྲལ་བ། ལས་འགན་ལག་བསྟར་གཏན་ནས་མི་བྱེད་པའམ་འགན་དབང་ལས་བརྒལ་བ། འགན་དབང་གང་བྱུང་དུ་སྤྱོད་པ་བཅས་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྤྱི་པའི་རྒྱུ་ནོར། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་པའི་རིགས་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་སུམ་བརྒྱ་གོ་བདུན་པའི་ནང་གཏན་འབེབས་བྱས་པའི་འགན་དབང་གང་བྱུང་དུ་སྤྱོད་པའམ་ཡང་ན་འགན་དབང་རྩེད་སྤྱད་བྱས་པའི་ནག་ཉེས་སུ་གཏོགས་པས་ཉེས་ཆད་གཅོད་རྒྱུ།

ལྷ་དཔལ་སྐྱབས།