རང་ཞིང་གིས་འབྲི་ཆུའི་འབབ་རྒྱུད(མཚོ་སྔོན་ས་ཁུལ)ཀྱི་རིག་དངོས་ཐོན་ཁུངས་ལ་བརྟག་དཔྱད་བྱེད་བཞིན་ཡོད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་ཅུའུ་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་འབྲི་ཆུའི་འབབ་རྒྱུད(མཚོ་སྔོན་ས་ཁུལ)ཀྱི་རིག་དངོས་ཐོན་ཁུངས་བརྟག་དཔྱད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་།ད་ལྟ་བརྟག་དཔྱད་ཚན་ཆུང་གིས་ཡུལ་ཤུལ་ཁུལ་དུ་བརྟག་དཔྱད་བྱེད་བཞིན་ཡོད།

2021ལོའི་ཟླ12པར། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དེ་རྒྱལ་ཁབ་རིག་གནས་སྤྱི་གླིང་མ་ལག་ནང་བཅུག་པ་དང་འབྲེལ་ནས་འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དངོས་སུ་བསྐྲུན་འགོ་བརྩམས་ལ། དེའི་ཁྱབ་ཁོངས་སུ་མཚོ་སྔོན་དང་བོད་ལྗོངས་ཚུད་པའི་ཞིང་ཆེན(རང་སྐྱོང་ལྗོངས)13ཚུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གཏམ་བཤད་གལ་ཆེན་དང་མཆན་བཀོད་སློབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། འབྲི་ཆུ་རྒྱལ་ཁབ་རིག་གནས་གླིང(མཚོ་སྔོན་ས་ཁུལ)འཛུགས་སྐྲུན་བྱ་བ་ཟུང་འབྲེལ་ཐོག རྒྱལ་ཁབ་རིག་དངོས་ཅུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་རིག་དངོས་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་དང་སི་ཁྲོན་སློབ་ཆེན་གཉིས་སྒྲིག་འཛུགས་བྱས་ཏེ་མཉམ་འབྲེལ་ཐོག་འབྲི་ཆུ་འབབ་རྒྱུད(མཚོ་སྔོན་ས་ཁུལ)ཀྱི་རིག་དངོས་ཐོན་ཁུངས་ལ་བརྟག་དཔྱད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བརྟག་དཔྱད་ལས་དོན་ནི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་གྲུབ་འབྲས་རྨང་གཞི་བྱས་ཏེ། གཙོ་བོ་མཚོ་སྔོན་ཞིང་ཆེན་འབྲི་ཆུའི་རྒྱུད་ཀྱི་རིག་དངོས་ཐོན་ཁུངས་ཀྱི་ཁྱབ་ཚུལ་དང་། ཉར་ཚགས། བེད་སྤྱོད་བཅས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་དང་། འབྲི་ཆུའི་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་ཞིབ་འཇུག་གཏིང་ཟབ་དང་འབྲི་ཆུའི་རིག་གནས་ཀྱི་ལྟེ་བའི་རིན་ཐང་ལ་བརྒྱུད་རིམ་དང་ལྡན་པའི་སྒོ་ནས་བཙོ་སྦྱངས་བཅས་བྱས་ནས་ འབྲི་ཆུའི་རིག་གནས་ཁྲོད་ཀྱི་མཚོ་སྔོན་གྱི་གནས་བབ་དང་ཁྱད་ཆོས་ཁ་གསལ་བཟོ་བ་དང་། རིག་གནས་སྤུས་ལེགས་སྲུང་སྐྱོབ་དང་བེད་སྤྱོད་ཐད་གཅིག་གྱུར་འཆར་འགོད་བཟོ་བ། འབྲི་ཆུའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་སྐུལ་འདེད་བཅས་ཀྱི་ལམ་ནས་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་ཅན་གྱི་རིག་གནས་ནང་སྙིང་ལ་འགྲེལ་བཤད་བྱ་ཆེད་ཡིན། བརྟག་དཔྱད་ཁྱབ་ཁོངས་ནི་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་དང་། ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་། རྫ་སྟོད་རྫོང་། ཆུ་དམར་ལེབ་རྫོང་། ཁྲི་འདུ་རྫོང་། ཡུལ་ཤུལ་གྲོང་ཁྱེར་བཅས་དང་དེ་བཞིན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དང་། དར་ལག་རྫོང་། པད་མ་རྫོང་བཅས་ཁྱོན་ཁུལ3དང་རྫོང(གྲོང་ཁྱེར)9ལ་འབྲེལ།

མིག་སྔར། བརྟག་དཔྱད་ཚན་ཆུང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་བཅར་འདྲི་དང་། རྩད་ཞིབ་ཚད་ལེན། གཞི་གྲངས་འཚོལ་བསྡུ། བརྙན་དང་པར་ལེན་སོགས་ཀྱི་ལམ་ནས་ཡུལ་དངོས་སུ་བརྟག་དཔྱད་བྱེད་བཞིན་ཡོད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།