བོད་ལྗོངས་སུ་བཙན་པོའི་སྐབས་ཀྱི་འཛུགས་སྐྲུན་གྱི་རྗེས་ཤུལ་མང་པོ་སྔོག་འདོན་ཐུབ་པ།

ཉེ་དུས། བོད་རང་སྐྱོང་ལྗོངས་གནའ་རྫས་རྟོག་ཞིབ་གྲུབ་འབྲས་སྤྱི་དམངས་ལ་མཉམ་སྤྱོད་བྱེད་པའི་ཚོགས་འདུ་ཚོགས་ཤིང་། ཚོགས་འདུའི་ཐོག་ཏུ་འོན་ཅང་རྡོ་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་གྲུབ་འབྲས་གསར་པ་ཁྱབ་བསྒྲགས་བྱས་པ་རེད། 2021ལོའི་ཟླ་7པར་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ལྷ་ས་སྐྱིད་ཆུའི་འགྲམ་གྱི་འོན་ཅང་རྡོ་གནའ་ཤུལ་ལ་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་ཤིང་། བོད་བཙན་པོའི་དུས་སྐབས་ཀྱི་ཐང་གི་ཁྱད་ཆོས་ལྡན་པའི་རུས་སྦལ་གཟུགས་ཀྱི་རྡོ་རིང་ཞབས་ར་དང་། ཡིག་མེད་རྡོ་རིང་། སོ་ཕག་གཡུ་རྩི་མ་སོགས་དང་། མཆོད་རྟེན་གྱི་རྩིགས་རྨང་སོགས་ཨར་སྐྲུན་གྱི་རྗེས་ཤུལ་གལ་ཆེན་སྔོག་འདོན་ཐུབ་པ་རེད། གནའ་ཤུལ་དེ་དག་ལ་ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན་ཞིང་། དེ་ནི་ད་བར་གནའ་རྫས་རྟོག་ཞིབ་ལས་དོན་པས་བོད་ལྗོངས་སུ་བརྒྱུད་རིམ་ལྡན་པའི་སྒོ་ནས་བོད་བཙན་པོའི་རྒྱལ་རབས་དུས་སྐབས་ཀྱི་རིམ་མཐོའི་ཨར་སྐྲུན་རྗེས་ཤུལ་སྔོག་འདོན་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།

འོན་ཅང་རྡོ་གནའ་ཤུལ་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཚལ་སྣེ་གྲོང་ཚོར་གནས་ཤིང་། སྔོག་འདོན་བྱུང་བའི་བོད་བཙན་པོའི་སྐབས་ཀྱི་རུས་སྦལ་གཟུགས་ཀྱི་རྡོ་རིང་ཞབས་ར་ནི་གནའ་ཤུལ་དེའི་འོག་གི་སྨི་གཉིས་ལྷག་གི་རྩིག་རྨང་ཐོག་བཙུགས་ཡོད་པ་རེད།

ཆུ་ཤུར་རྫོང་ཚལ་སྣེ་གྲོང་ཚོའི་གྲོང་ཨུའི་ཀྲུའུ་རེན་ཚེ་རིང་ཟླ་བས། ང་ཚོའི་ལོ་བརྒྱད་ཅུ་ཡན་གྱི་རྒན་རྒོན་ཚོས་ས་ཆ་དེར་རུས་སྦལ་ཞིག་ཡོད་ཅེས་ཤོད་ཀྱི་ཡོད། དེ་རྗེས་ང་ཚོས་མི་ཐབས་ལ་བརྟེན་ནས་སྔོགས་པ་རེད་ཅེས་བརྗོད་ཡོད།

2021ལོའི་ཟླ་7པ་ནས་ཟླ་9པའི་བར། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་འོན་ཅང་རྡོ་གནའ་ཤུལ་ལ་ཐོག་མའི་སྔོག་འདོན་དང་གཙང་བཤེར་བྱས་པ་དང་། སྨི་གྲུ་བཞི་མ་515སྔོན་འདོན་བྱས་ཤིང་ཟབ་ཤོས་ལ་སྨི་7ཡོད་པ་རེད། དེ་ལས་རུས་སྦལ་གཟུགས་ཀྱི་རྡོ་རིང་ཞབས་ར་དེའི་འོག་ཏུ་ད་དུང་རྡོ་རིང་གི་ར་བསྐོར་དང་ཐོག་ཁེབས་ཀྱི་རྩིགས་རྨང་རྗེས་ཤུལ་ཡང་ཡོད།

ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་གཞོན་པ་ཞི་ལིན་ན་རེ། ང་ཚོས་འོན་ཅང་རྡོ་གནའ་ཤུལ་གྱི་རུས་སྦལ་གཟུགས་ཀྱི་ཞབས་ར་དེ་གཞི་རྩའི་ཐོག་རང་སོར་གནས་པ་ཤེས་རྟོགས་བྱུང་། རྡོ་རིང་དེ་ནི་འོག་ལ་རུས་སྦལ་གཟུགས་ཀྱི་ཞབས་ར་དང་སྟེང་ལ་ཕིབས་ལྡན་ཞིག་ཡིན་ཞིང་། སྤྱིར་ལྷ་ལྡན་གཙུག་ལག་ཁང་མདུན་གྱི་ཐང་བོད་མཐུན་འབྲེལ་རྡོ་རིང་དང་གཅིག་པ་ཡིན་པ་རེད།

ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཀྲང་ཅན་ལིན་ན་རེ། བོད་བཙན་པོའི་སྐབས་ཀྱི་རྡོ་རིང་ལ་མཚོན་ན་རུས་སྦལ་གྱི་ཞབས་ར་ལྡན་པ་ཡིན་ཞིང་། སྐབས་དེར་དར་སྲོལ་ཆེ་བའི་བཟོ་ལུགས་ཡིན་པ་རེད།

འོ་ན་ལྷ་ས་གྲོང་ཁྱེར་དང་སྤྱི་ལེ་30ཡོད་སར་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ཨར་སྐྲུན་རྗེས་ཤུལ་གལ་ཆེན་འདི་འདྲ་ཞིག་ཡོད་དོན་ཅི་ཡིན་ནམ་ཞེ་ན།

ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཞིས་ལིན་ན་རེ། འོན་ཅང་རྡོ་ནི་བཙན་པོའི་དུས་སྐབས་ཀྱི་ཆོས་སྲིད་གཉིས་ཀྱི་ལྟེ་བར་གྱུར་པའི་གནས་གལ་ཆེན་ཞིག་ཡིན་པས། ང་ཚོས་འོན་ཅང་རྡོའི་གནའ་ཤུལ་དུ་ཐང་རྒྱལ་རབས་སྐབས་ཀྱི་རྡོ་རིང་གི་ཁྱད་ཆོས་ལྡན་པའི་བཙན་པོའི་རྒྱལ་རབས་ཀྱི་རིམ་པ་མཐོ་བའི་རུས་སྦལ་གཟུགས་ཀྱི་རྡོ་རིང་ཞབས་ར་རྙེད་པ་ནི་ཡ་མཚན་ཆེ་བ་ཞིག་མ་རེད།

འོན་ཅང་རྡོའི་གནའ་ཤུལ་གྱི་ལྷོ་ནུབ་མཚམས་ཀྱི་ཕྱོགས་བཞིར་མཆོད་རྟེན་བཞི་ཡོད་པ་དང་། ད་ལྟ་མཐོང་ཆོས་སུ་ཡོད་པ་ནི་མཆོད་རྟེན་བཞི་པོའི་དབུས་ཀྱི་འུ་ཤང་ལྷ་ཁང་ཞེས་པ་ཞིག་ཡོད་པ་དེ་ཡིན།

ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཞིས་ལིན་ན་རེ། འོན་ཅང་རྡོའི་གནའ་ཤུལ་གྱི་ལྟེ་བའི་ཁུལ་ལ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་བདུན་ཙམ་ཡོད་པ་དང་། ལྟེ་བའི་ཁུལ་གྱི་དེའི་ཟུར་བཞིར་མཆོད་རྟེན་བཞི་ཡོད་པ་རེད།

བཀོད་པ་འདི་རིགས་བོད་བཙན་པོའི་དུས་ཀྱི་དགོན་སྡེ་གྲགས་ཅན་བསམ་ཡས་དགོན་པ་དང་ཧ་ཅང་ཆ་འདྲ་པོ་ཡོད།

ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཀྲང་ཅན་ལིན་ན་རེ། དེ་ལ་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་དགོན་སྡེ་ཆེ་གྲས་ཀྱི་ཁྱད་ཆོས་དང་ལྡན་ཏེ། ལྷ་ཁང་གི་ཕྱོགས་བཞིར་མཆོད་རྟེན་ཆེན་པོ་བཞི་ཡོད་པ་དང་། དེའི་མཐར་ལྕགས་རིས་བསྐོར་འདུག

གནའ་རྫས་རྟོག་ཞིབ་པ་ཚོས་ད་དུང་སའི་བང་རིམ་དང་རྗེས་ཤུལ་ཁྲོད་ནས་སྲོག་ཆགས་ཀྱི་རུས་པ་ཡང་ཅུང་མང་པོ་རྙེད་ཡོད།