བོད་ལྗོངས་ནས་རྡོ་རགས་རྙེད་པ་དེས་གང་ཞིག་མཚོན་ཡོད།

བྲག་བརྐོས་རི་མོ་དང་། བང་སོ། གནའ་ཤུལ་བཅས་ཕྱོགས་གསུམ་གཞི་གཅིག་གི་བརྟག་དཔྱད་བྱ་ཐབས་ནི་ཉེ་བའི་ལོ་ཤས་རིང་བོད་ཀྱིས་གནའ་རྫས་རྟོག་ཞིབ་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། ཉེ་དུས། བོད་རང་སྐྱོང་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་སྤྱི་དམངས་ལ་མཉམ་སྤྱོད་བྱེད་པའི་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ནང་། གནམ་མཚོའི་མཚོ་སྐོར་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཉི་མ་རྫོང་རྟ་སྒོ་གངས་རི་ནས་ཤེས་རྟོགས་བྱུང་བའི་རྡོའི་རགས་ཆེ་གྲས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། རིགས་གཅིག་མཁས་ཅན་ཚོས་དེ་ནི་ལོ་ངོ་སྟོང་གོང་གི་ས་མཐོའི་འབྲོག་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་ངོས་འཛིན་བྱས་པ་རེད།

གནམ་མཚོའི་མཚོ་སྐོར་ཚན་རིག་རྟོག་ཞིབ་དང་བྱང་འབྲོག་པའི་རིག་གནས་ལ་བརྟག་དཔྱད་གཏིང་ཟབ་བྱེད་པ་དེ། གཙོ་བོ་ལྷ་སའི་འདམ་གཞུང་རྫོང་དང་། ནག་ཆུ་གྲོང་ཁྱེར་གྱི་དཔལ་མགོན་རྫོང་། ཤན་རྩ་རྫོང་། ཉི་མ་རྫོང་བཅས་རྫོང་བཞི་དང་། དེ་བཞིན་གནམ་མཚོ་དང་། གསེར་གླིང་མཚོ། དྭངས་ར་གཡུ་མཚོ་སོགས་ཚུད་ཡོད་པ་རེད།