ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལས་རྐང་སོ་སོའི་སྟེང་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ངལ་རྩོལ་པར་དུས་ཆེན་གྱི་འཚམས་འདྲི་ཞུས།

རང་རེའི་དྲ་བའི་འཕྲིན། ཟླ་བཞི་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་ནས་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སྐབས་སུ་ལས་རྐང་བརྟན་སྲུང་བྱེད་པའི་རིམས་ནད་འགོག་སྡོམ་ཡུལ་དངོས་ཀྱི་མི་སྣར་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚང་མས་དཀའ་སྤྱད་འབད་བརྩོན་དང་སྒེར་མེད་བློས་གཏོང་བྱས་པར་བཀའ་དྲིན་ཞུས་ལ། ཞིང་ཆེན་ཡོངས་ཀྱི་ལས་རྐང་སོ་སོའི་སྟེང་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ངལ་རྩོལ་པར་དུས་ཆེན་གྱི་འཚམས་འདྲི་ཞུས།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་རྒྱལ་སྨན་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟིའི་ཉར་གསོག་སྐྱེལ་འདྲེན་ལྟེ་གནས་སུ་སོང་ནས། གསོ་རིག་སྨན་རྫས་དངོས་ཟོག་ཉར་གསོག་དང་སྒྲིག་སྦྱོར་སོགས་གནས་ཚུལ་ལ་ལྟ་ཞིབ་ཞིབ་མོ་བྱས་པ་དང་། ཁེ་ལས་ཀྱིས་རིམས་ནད་འགོག་སྡོམ་སྐབས་སུ་སྟོབས་ཤུགས་ཡོད་རྒུས་གསོ་རིག་སྨན་རྫས་དངོས་ཟོག་གི་མཁོ་འདོན་ལ་འགན་སྲུང་བྱས་པར་ཁས་ལེན་གང་ལེགས་བྱས་ནས་བསྟན་དོན། གསོ་རིག་སྨན་རྫས་དངོས་ཟོག་ཉར་གསོག་ཚད་གཞི་ཇེ་དམ་དུ་གཏོང་བ་དང་། ཉར་གསོག་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། ཉར་གསོག་མཛོད་ཀྱི་མེ་འགོག་མེ་གསོད་དང་བདེ་འཇགས། གཙང་སྦྲ་སོགས་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་པ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། གསོ་རིག་སྨན་བཅོས་དངོས་ཟོག་གི་འགན་སྲུང་དང་སྒྲིག་སྦྱོར་བདེ་འཇགས་ཐད་ནས་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས། མེན་ཧི་ལམ་མཚོ་སྔོན་སྐྱེལ་འདྲེན་སྡེ་ཚོགས་སྐྱེལ་འདྲེན་རླངས་འཁོར་འཇོག་ས་རུ། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སྐྱེལ་འདྲེན་འགན་སྲུང་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། ཉིང་སྐྱུར་བརྟག་དཔྱད་ཚོད་ལྟའི་སྨན་རྫས་དང་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་སོགས་དངོས་ཟོག་གལ་ཆེན་དུས་ཐོག་ཏུ་ནོར་འཛོལ་མེད་པར་སྐྱེལ་འདྲེན་བྱས་ཏེ། ཞབས་ཞུའི་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་དགོས། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་མཁར་ཤར་ཁུལ་ཅིན་ཧྥིན་པེན་ཧི་ཡོན་སྡོད་ཁུལ་གྱི་རིམས་ནད་འགོག་སྡོམ་བྱེད་ས་རུ་སོང་ནས། ཉིང་སྐྱུར་དཔེ་དབྱིབས་བསྡུ་བ་དང་། འཚོ་བའི་འགན་སྲུང་། ཁོར་ཡུག་དུག་སེལ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། སྟོབས་ཤུགས་ཡོད་རྒུས་བཀག་སྡོམ་ཁུལ་དང་འཛིན་སྡོམ་ཁུལ་གྱི་སྡོད་དམངས་ཀྱི་འཚོ་བའི་ཉེར་མཁོ་དངོས་རྫས་ལ་འགན་སྲུང་བྱེད་པ་དང་། དེ་དང་མཉམ་དུ། འགོག་སྲུང་ནན་མོ་བྱེད་པ་དང་། མངོན་མེད་ཉེན་ཁ་གཏན་ནས་མེད་པར་བྱེད་པ་དང་རིམས་ནད་བརྒྱུད་མཆེད་ཉེན་ཁ་མེད་པར་བཟོས་ནས། ནོར་འཛོལ་གཅིག་ཀྱང་མི་འབྱུང་བར་ཁག་ཐེག་བྱེད་དགོས། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དུ། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཚོད་ལྟའི་ནད་དཔྱད་ཚན་ཁག་ཏུ་སོང་ནས། ཉིང་སྐྱུར་དཔེ་བསྡུ་དང་བརྟག་དཔྱད་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་པ་དང་། རིམས་ནད་འགོག་སྡོམ་བྱ་བའི་ཁྲོད་ཞུགས་པའི་རྒྱ་ཆེའི་སྨན་བཅོས་བྱ་བ་སྒྲུབ་མཁན་རྣམས་ལ་གུས་འདུད་ཞུས་པ་དང་། ཚང་མས་མུ་མཐུད་དུ་རིམས་ནད་འགོག་སྡོམ་ལག་ལེན་ཁྲོད་ཀྱི་སྤྱོད་ཚུལ་བཟང་བོ་དང་ནུས་པ་བཟང་བོ་དར་སྤེལ་གཏོང་བ་དང་། ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་ཆོད་མཐོར་འདེགས་གཏོང་བ། རང་སྟེང་གི་བདེ་འཇགས་འགོག་སྲུང་ལ་ཤུགས་བསྣན་ནས། རིམས་ནད་འགོག་སྡོམ་གྱི་འགོག་ར་ཇེ་བརྟན་དུ་གཏོང་དགོས་ཞེས་བཤད།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་བསྟན་དོན། རིམས་ནད་འགོག་སྡོམ་ཐད་ནས། ཆེས་དཀའ་ཚེགས་ཆེ་བ་ནི་ལས་གནས་སྲུང་བྱེད་པའི་འགོག་སྡོམ་མི་སྣ་ཡིན་པ་དང་། ཏང་ཡོན་ལས་བྱེད་པ་ཚོས་བཀའ་རྒྱ་ལྟར་འགུལ་སྐྱོད་བྱས་པ་དང་སྨན་བཅོས་མི་སྣ་རིམས་འགོག་ཁྲོད་ཞུགས་ལ། སྤྱི་བདེ་ཉེན་རྟོག་པས་ཉིན་མཚན་མེད་པར་འབད་འཐབ་བྱས་པ་དང་སྡོད་ཁུལ་གྱི་ལས་བྱེད་མི་སྣས་ལས་རེས་ལས་སྲུང་བྱས་ཤིང་། རྒྱ་ཆེའི་དང་བླངས་པ་ཚོས་རང་འགུལ་གྱིས་རེ་ཞུ་བྱས་ནས་ཚང་མས་མཉམ་དུ་འབད་འཐབ་བྱས་པས། རིམས་ནད་འགོག་སྡོམ་ཐད་གྲུབ་འབྲས་བཟང་བོ་བླངས། མིག་སྔར། རིམས་འགོག་ཐད་ནས་རྒྱལ་ཁ་བླངས་ན་ཡང་། འགོག་སྡོམ་བྱ་བའི་ཐད་ནས་ད་དུང་བཏང་ལྷོད་ཅུང་ཙམ་ཡང་བྱེད་མི་རུང་བ་དང་། ལྷག་པར་དུ་དུས་ཆེན་སྐབས་སུ་དེ་ལས་ཀྱང་དམ་འཛིན་དོ་སྣང་བྱེད་པ་དང་། རྒྱུན་འཁྱོངས་ནི་རྒྱལ་ཁ་ཡིན་པ་ཡིད་ལ་དམ་པོར་འཛིན་པ། རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་དང་ནང་ནས་ཕྱིར་འབྱུང་བར་བཀག་འགོག་བྱེད་པའི་སྤྱིའི་ཐབས་ཇུས་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། སྣང་མེད་དང་སུན་སྣང་། སྟེས་དབང་། ལྷོད་གཡེང་གི་བསམ་བློ་ཁྱད་སེལ་བྱེད་པ། འགྲིམ་འགྲུལ་ལྟེ་གནས་དང་ཚོང་ར། ལྗོངས་རྒྱུ་ཁུལ་སོགས་ཡུལ་གནས་གཙོ་བོའི་དོ་དམ་ལ་ཤུགས་སྣོན་པ། རྒྱུན་རྣམ་ཅན་གྱི་གནད་ཕིགས་འགོག་སྡོམ་རྒྱུན་འཁྱོངས་བྱེད་པ། ཞན་ཆ་ཁ་གསབ་བྱེད་པ། རིམ་པ་བཞིན་གྲོང་ཁྱེར་གྱི་རྒྱུན་ལྡན་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པ། ཧུར་ཐག་གིས་རིན་ཐང་ཆེས་ཆུང་བས་འགོག་སྡོམ་གྲུབ་འབྲས་ཆེས་ཆེ་བ་མངོན་འགྱུར་བྱས་ཏེ། ཚད་གཞི་ཆེས་མཐོ་བའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོན་པའི་གནོད་པ་ཇེ་ཆུང་དུ་གཏོང་དགོས།

ཡུས་ཚོང་ལི་དང་མ་ཅི་ཞའོ། ཁྲིན་རུའེ་ཧྥིན། ཁོང་ཡུང་བཅས་ཀྱིས་མཉམ་དུ་འཚམས་འདྲི་བྱས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།